སྙན་རྩོམ།

Part 1རྩོམ་པ་པོ། འབྲི་ཁེར་རྐྱང་།
འཚམས་འདྲིའི་སློང་ཡང་།

Gyaltsen

 

རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན།

མངོན་བསྟོད་སྙིམ་པའི་མེ་ཏོག །

རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན།

ཞབས་བརྟན་གསོལ་འདེབས་འཆི་མེད་བདུད་རྩིའི་བུམ་བཟང་།

གང་གིས་མཚན་ཙམ་དྲན་པས་འཆི་བདག་གི །
བདུད་དཔུང་ཕྱེ་མར་འཐག་པའི་དཔལ་ཡོན་ཅན། །
རྒྱལ་ཀུན་ཚེ་དང་ཡེ་ཤེས་དཔག་མེད་མགོན། །
དེང་འདིར་ཚེ་ཡི་དངོས་གྲུབ་ཆར་དུ་སྙིལ།།

བློ༵་གྲོས་བཟ༵ང་པོ་ལུས་ཀྱི་རྩལ་རྫོགས་ཤིང་། །
རྒྱ༵ལ་བསྟ༵ན་བཤད་སྒྲུབ་རལ་པའི་ཁུར་གྱིས་བརྗིད། །
འཇི༵གས་བྲ༵ལ་སྤོབས་པ་རྒྱས་པའི་སྦར་ཁྱིམ་ཅན། །
དབ༵ང་ཕྱུ༵ག་བརྒྱད་ལྡན་བླ་མར་གསོལ་བ་འདེབས། །

མང་དུ་ཐོས་པ་བརྩོན་པའི་གཟིངས་ཞུགས་ཏེ།།
མདོ་སྔགས་གཞུང་ལུགས་རྒྱ་མཚོའི་ཕ་མཐར་སོན།།
སྤངས་རྟོགས་ནོར་བུའི་མཛོད་ལ་དབང་བསྒྱུར་བ།།
འགྲོ་བའི་དེད་དཔོན་ཆེན་པོ་ཞབས་བརྟན་ཤོག །

 

རྣམ་དག་ཁྲིམས་ཀྱི་རྩ་བ་རབ་ཏུ་བརྟན། །
གནས་ལྔ་རིག་པའི་ཡལ་འདབ་ལྷུག་པོར་གྲོལ།།
བསླབ་གསུམ་འབྲས་བུའི་ཁུར་གྱིས་རབ་དུད་པའི།།
བཤེས་གཉེན་ལྗོན་བཟང་དབང་པོ་ཞབས་བརྟན་ཤོག །

ཉིན་བྱེད་འོད་སྣང་འབར་བ་གང་གི་སྐུ༵། །
སྙན་འཇེབས་ཚངས་དབྱངས་སྒྲ་བརྒྱ་བརྩེགས་པའི་གསུ༵ང
ཟབ་གསལ་ལྷ་ལམ་ཡངས་པ་མཁྱེན་པའི་ཐུ༵གས། །
གསུམ་ལྡན་བཤེས་གཉེན་ཆེན་པོ་ཞབས་བརྟན་ཤོག །

འཆ༵ད་པས་གདུལ་བྱའི་ཡིད་ཀྱི་མུན་པ་བསལ། །
རྩོ༵ད་པས་ཕྱི་རྒོལ་ལོག་རྟོག་བྲག་རི་བསྙིལ།།
རྩོ༵མ་པས་ཐུབ་བསྟན་ཚེ་ཡི་དཔལ་སྦྱིན་སྩོལ།།
ངེས་དོན་བཤེས་གཉེན་ཆེན་པོ་ཞབས་བརྟན་ཤོག།

 

དཔག་མེད་བྱ་དཀའི་སྤྱོད་པ་མཐར་ཕྱིན་ནས།།
བགྲང་ཡས་བསྐལ་པར་གོམས་པའི་ཞི་དུལ་སྤྱོད།།
ངུར་སྨྲིག་གར་གྱིས་བསྟན་པའི་རྒྱལ་མཚན་འཛིན།།
འདུལ་འཛིན་གནས་བརྟན་ཆེན་པོ་ཞབས་བརྟན་ཤོག །

རྟེན་འབྱུང་རིགས་པ་འདེབས་བྱེད་རྣོན་པོ་ཡིས། །
ཚུགས་ཐུབ་ལིང་པོར་འཁྲུལ་བའི་འཆིང་བ་བཅད། །
སྟོང་དང་རྟེན་འབྱུང་འགལ་མེད་སེང་གེའི་སྒྲས། །
འདོམས་མཛད་བཤེས་གཉེན་ཆེན་པོ་ཞབས་བརྟན་ཤོག །

ཤིང་རྟ་ཆེན་པོའི་གཞུང་གི་མན་ངག་ལྟར།།
དཔྱད་འཇོག་སྒོམ་པའི་ཉམས་མྱོང་མཐར་སོན་པས།།
རིམ་གཉིས་ཟབ་མོའི་གནས་ལ་བརྟན་པ་ཐོབ།
རྣལ་འབྱོར་དབང་ཕྱུག་ཆེན་པོ་ཞབས་བརྟན་ཤོག །

གསང་ཆེན་རིམ་གཉིས་བསིལ་ལྡན་གང་ག་མ ། །
སྨིན་བྱེད་དབང་གི་ཡུར་བར་ཉེར་དྲངས་ཏེ། །

སྐལ་ལྡན་གདུལ་བྱའི་ཞིང་སར་སིམ་མཛད་པའི། །
ཁྱབ་བདག་རྡོ་རྗེ་འཛིན་པ་ཞབས་བརྟན་ཤོག །

རྟག་འཛིན་འཆིང་བས་བཅིངས་པའི་གདུལ་བྱ་ལ།།
ཚུལ་བསྟན་སྐུ་ཡི་སྙུང་བཞེས་ལྕི་མོད་ཀྱང་།།
ཤིན་ཏུ་ཉག་ཕྲའི་རྒྱལ་བསྟན་ངང་ཚུལ་ལ།།
དགོངས་ནས་བསྐལ་བརྒྱའི་བར་དུ་ཞབས་བརྟན་ཤོག །

བླ་མ་ཡི་དམ་དམ་ལྡན་དམག་ཟོར་རྒྱལ།།
ཁྱད་པར་འཕགས་པའི་བཀའ་སྲུང་ལ་སོགས་པའི།།
བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས།།
སྲུང་བའི་འཕྲིན་ལས་རྟག་ཏུ་གཡེལ་མེད་མཛོད།།

ཕྱོགས་དུས་རྒྱལ་བ་ཀུན་གྱི་བྱིན་རླབས་དང་།།
བསླུ་མེད་ཆོས་ཉིད་ཟབ་མོའི་བདེན་པའི་མཐུ།།
བདག་སོགས་ལྷག་བསམ་རྣམ་དཀར་དད་མོས་ཀྱིས།།
སྨོན་དོན་ཇི་བཞིན་གེགས་མེད་མྱུར་འགྲུབ་ཤོག །

ཅེས་གནས་ལྔ་རིག་པའི་དབང་ཕྱུག་སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་ཚུལ་བསྟན་སྐུའི་སྙུང་གཞི་བཞེས་པའི་སྐབས་སྐུ་སྐེག་གི་མཚན་མ་ངན་རིགས་ཞི་ནས་སྐུ་ཚེ་ཡུན་དུ་བརྟན་ཕྱིར་མགོན་པོ་གང་གི་ཞལ་སྔ་ནས་མདོ་རྒྱུད་ཟབ་ཆོས་ཀྱི་མན་ངག་བདུད་རྩི་མྱང་པའི་གུས་སློབ་པ། འབྲི་རུ་སྐལ་བཟང་རྒྱལ་མཚན་གྱིས་ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༦ ཉིན་རྩེ་གཅིག་ཏུ་སྨོན་པ་དེ་དེ་བཞིན་འགྲུབ་པར་གྱུར་ཅིག་གུ།

རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན།

མཚོ་བྱུང་དགོད་པའི་སྙན་དབྱངས།

ཕ་རོལ་མི་མངོན་རྡུལ་གྱི་ཁ་ལོས་ཤུགས་ཀྱིས་བསྐྱོད་པའི་རླབས་ཕྲེང་ལས། །
བརྟན་གཡོའི་སྒྲ་སྐད་དབྱངས་སུ་གྱེར་བས་ཚངས་ཆེན་ཡིད་ཀྱི་བརྟན་པ་འཕྲོག །
སྲིད་ཞིའི་མཛེས་སྡུག་གཅིག་ཏུ་སྡུད་པ་རྒྱལ་ཀུན་མཁྱེན་བརྩེའི་སྒྱུ་འཕྲུལ་གར། །
ཀུན་སྒྲོག་སྙན་དབྱངས་སྐུ་རུ་ཤར་བ་ཚངས་པའི་བུ་མོ་ཡིད་འཕྲོག་མ། །

རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན།

thogmye

ང༵ག་གི་འདབ་མ་བསྐྱོད་པའི་དྲི་གཞོན་གྱིས།། 
དབ༵ང་བསྒྱུར་གསུང་རབ་མཁའ་ཡི་ཆུ་འཛིན་ཀློང་།།  
ཐོག༵ས་མེ༵ད་རིགས་འཕྲུལ་གློག་གི་རོལ་རྩེད་རྒྱས།། 
ལེགས་བཤད་སྤྲིན་བཅུད་འབེབ་པའི་ཀླུ་དབང་རྒྱལ།། 

སྙན་རྩོམ།

འཚམས་འདྲིའི་སློང་ཡང་།

རྩོམ་པ་པོ། འབྲི་ཁེར་རྐྱང་། འཚམས་འདྲིའི་སློང་ཡང་། ... རྒྱས་པར་གཟིགས་་་

Data: 01-12-2017 | ཀློག་གྲངས། 7592

དགེ་བཤེས་ལྷ་རམས་པ་ནགས་ཤོད་སྐལ་རྒྱན།

  རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན། མངོན་བསྟོད་སྙིམ་པའི་མེ་ཏོག ། ... རྒྱས་པར་གཟིགས་་་

Data: 28-11-2017 | ཀློག་གྲངས། 8116

མཆན་མང་ཤོད།