Print this page
Thu 06 Jul 2023

ཞང་ཞུང་པ་ཆོས་དབང་གྲགས་པ་སྐུ་ཕྲེང་དང་པོ།

ཚད་གཞི།:
(0 འོས་བླུགས།)

chowang dragpa 01རྗེ་ཙོང་ཁ་པ་ཆེན་པོའི་དངོས་སློབ་རྣམ་དཔྱོད་འགྲན་ཟླ་དང་བྲལ་བ་གཉིས་ཀྱི་ནང་ཚན་ཡིན། རབ་བྱུང་བདུན་པའི་ཤིང་ཕོ་སྤྲེལ་གྱི་ལོ་སྟེ། ཕྱི་ལོ་༡༤༠༤ལོར་མངའ་རིས་ཞང་ཞུང་གི་ཡུལ་དུ་སྐུ་འཁྲུངས། གཞོན་ནུའི་དུས་ནས་རབ་ཏུ་བྱུང་ཞིང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་སོགས་ལ་སྦྱངས་པ་ན། སྐྱེས་སྟོབས་ཀྱི་ཡོན་ཏན་ཆེ་བས་མངའ་རིས་ས་སྐྱོང་རྣམས་ཀྱིས་སྤྱི་བོར་བཀུར། དེ་ནས་བོད་དབུས་སུ་ཕེབས་ཏེ་རྗེ་ཙོང་ཁ་པ་ཆེན་པོའི་ཞབས་ལ་གཏུགས་ཤིང་ཟབ་རྒྱས་ཀྱི་བདུད་རྩིས་ཐུགས་ཀྱི་བུམ་བཟང་བལྟམས། མཁས་པར་བྱ་བའི་གནས་མཐའ་དག་ལ་རྣམ་དཔྱོད་ཕུལ་དུ་ཕྱིན་པའི་མཁས་པའི་རྩེ་མོར་སོན། རྗེ་འདིའི་བསྟོད་ཚོགས་སྙན་ངག་གི་རིམ་པ་ཡང་དཎྜིའི་གཞུང་ལུགས་དང་འབྱོར་པས་ཚིག་དོན་ཕུན་སུམ་ཚོགས་པས་དགའ་ལྡན་པའི་བསྟན་འཛིན་ནང་ན་སྙན་ངག་འདི་ལས་མཁས་པ་མ་བྱུང་སྐད། མཁས་པའི་བྱ་བ་རྣམ་གསུམ་གྱི་ངང་ནས་འབྲས་སྤུངས་སུ་བཞུགས། ཡང་འགའ་ཞིག་གིས་ཁ་ན་མ་ཐོ་བའི་སྐུར་ཞུས་བྱུང་བས་བདེན་སྟོབས་བརྗོད་ཅིང་ཤིང་སྟར་ཁ་གཅིག་བཙུགས་པས་ཤིང་གཞན་ལས་ཁྱད་པར་དུ་འཕགས་པ་སྐྱེས། དགུང་ལོ་སོ་བདུན་བཞེས་པ་རབ་བྱུང་བདུན་པ་ལྕགས་སྤྲེལ་ལོར་ ༡༤༤༠ ནགས་ཤོང་དུ་ཕེབས་ཏེ་གདན་ས་སྦུས་མདའ་རྣམ་རྒྱལ་དཔལ་འབར་གླིང་{འབྲི་རུ་དགོན་}ཕྱག་བཏབས། གུང་རུ་སྟོད་སྨད་ཀྱི་ཆོས་སྡེ་རྣམས་སུ་ཕེབས་ཏེ་དམ་པའི་ཆོས་ཀྱི་ཆར་ཆེན་ཕབ། གླང་ལིང་དགོན། ཝིག་ཆོས་རྫོང་སོགས་དགོན་པ་མང་པོ་ཕྱག་བཏབ། རྫ་དགོན་དུ་ལྷ་ཁང་བཞེངས་པ་སོགས་བསྟན་འགྲོའི་མཛད་བཟང་སྤེལ་བཞིན་བཞུགས། དགུང་ལོ་ང་ལྔ་བཞེས་པ་ས་སྟག་ལོ་སྟེ། ཕྱི་ལོ་༡༤༥༨ལོར་ཆབ་མདོ་བྱམས་པ་གླིང་དུ་ཕེབས་ནས་མདོ་སྔགས་ཀྱི་པོ་ཏི་མང་པོའི་བཤད་པ་མཛད་ཅིང་གདན་རབས་གཉིས་པར་ལོ་ལྔ་ཡི་རིང་བཞུགས། དེ་ནས་གདན་ས་སྦུས་མདའ་རྣམ་རྒྱལ་དཔལ་འབར་གླིང་དུ་ཕེབས་ནས་གཙུག་ལག་ཁང་དུ་རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་ཐམས་ཅད་ལོགས་བྲིས་སུ་བཀོད་པ་སོགས་རྟེན་གསུམ་ཚར་དུ་དངར་བ་བཞེངས། དགུང་ལོ་རེ་དྲུག་བཞེས་པ་རབ་བྱུང་བརྒྱད་པའི་ས་གླང་ལོ་སྟེ་སྤྱི་ལོ་༡༤༦༩ལོར་གདན་ས་སྦུས་མདའ་རྣམ་རྒྱལ་དཔལ་འབར་གླིང་དུ་སྐུ་ཡི་བཀོད་པ་བསྡུ་ཚུལ་བསྟན། སྐུ་གདུང་ཞུགས་ལ་ཕུལ་བ་ན་སྐུ་གཟུགས་དང་ཡིག་འབྲུ་རིང་བསྲེལ་བྱོན་པ་རྣམས་ཀྱིས་ནང་རྟེན་བྱས་པའི་གསེར་གདུང་བཀྲ་ཤིས་འོད་འབར་གདན་ས་འདིར་བཞུགས། ཁོང་གི་བརྩམས་ཆོས་དཔལ་དུས་ཀྱི་འཁོར་ལོའི་རྣམ་གཞག་སོགས་གཡག་རྒྱབ་ཀྱི་ཁུར་པོ་ལོན་པ་མཛད་པར་གྲགས་སོ།།

རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན།

རྩོམ་ཡིག་འདི་ཐེངས་ 192 བཀླགས་འདུག མཐའ་མའི་བསྐྱར་བཅོས། Fri 28 Jul 2023

གསར་ཤོས་དག :   འབྲི་ཚང་།