རྣམ་ཐར།

chowang dragpa 01རྗེ་ཙོང་ཁ་པ་ཆེན་པོའི་དངོས་སློབ་རྣམ་དཔྱོད་འགྲན་ཟླ་དང་བྲལ་བ་གཉིས་ཀྱི་ནང་ཚན་ཡིན། རབ་བྱུང་བདུན་པའི་ཤིང་ཕོ་སྤྲེལ་གྱི་ལོ་སྟེ། ཕྱི་ལོ་༡༤༠༤ལོར་མངའ་རིས་ཞང་ཞུང་གི་ཡུལ་དུ་སྐུ་འཁྲུངས། གཞོན་ནུའི་དུས་ནས་རབ་ཏུ་བྱུང་ཞིང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་སོགས་ལ་སྦྱངས་པ་ན། སྐྱེས་སྟོབས་ཀྱི་ཡོན་ཏན་ཆེ་བས་མངའ་རིས་ས་སྐྱོང་རྣམས་ཀྱིས་སྤྱི་བོར་བཀུར། དེ་ནས་བོད་དབུས་སུ་ཕེབས་ཏེ་རྗེ་ཙོང་ཁ་པ་ཆེན་པོའི་ཞབས་ལ་གཏུགས་ཤིང་ཟབ་རྒྱས་ཀྱི་བདུད་རྩིས་ཐུགས་ཀྱི་བུམ་བཟང་བལྟམས། མཁས་པར་བྱ་བའི་གནས་མཐའ་དག་ལ་རྣམ་དཔྱོད་ཕུལ་དུ་ཕྱིན་པའི་མཁས་པའི་རྩེ་མོར་སོན། རྗེ་འདིའི་བསྟོད་ཚོགས་སྙན་ངག་གི་རིམ་པ་ཡང་དཎྜིའི་གཞུང་ལུགས་དང་འབྱོར་པས་ཚིག་དོན་ཕུན་སུམ་ཚོགས་པས་དགའ་ལྡན་པའི་བསྟན་འཛིན་ནང་ན་སྙན་ངག་འདི་ལས་མཁས་པ་མ་བྱུང་སྐད། མཁས་པའི་བྱ་བ་རྣམ་གསུམ་གྱི་ངང་ནས་འབྲས་སྤུངས་སུ་བཞུགས། ཡང་འགའ་ཞིག་གིས་ཁ་ན་མ་ཐོ་བའི་སྐུར་ཞུས་བྱུང་བས་བདེན་སྟོབས་བརྗོད་ཅིང་ཤིང་སྟར་ཁ་གཅིག་བཙུགས་པས་ཤིང་གཞན་ལས་ཁྱད་པར་དུ་འཕགས་པ་སྐྱེས། དགུང་ལོ་སོ་བདུན་བཞེས་པ་རབ་བྱུང་བདུན་པ་ལྕགས་སྤྲེལ་ལོར་ ༡༤༤༠ ནགས་ཤོང་དུ་ཕེབས་ཏེ་གདན་ས་སྦུས་མདའ་རྣམ་རྒྱལ་དཔལ་འབར་གླིང་{འབྲི་རུ་དགོན་}ཕྱག་བཏབས། གུང་རུ་སྟོད་སྨད་ཀྱི་ཆོས་སྡེ་རྣམས་སུ་ཕེབས་ཏེ་དམ་པའི་ཆོས་ཀྱི་ཆར་ཆེན་ཕབ། གླང་ལིང་དགོན། ཝིག་ཆོས་རྫོང་སོགས་དགོན་པ་མང་པོ་ཕྱག་བཏབ། རྫ་དགོན་དུ་ལྷ་ཁང་བཞེངས་པ་སོགས་བསྟན་འགྲོའི་མཛད་བཟང་སྤེལ་བཞིན་བཞུགས། དགུང་ལོ་ང་ལྔ་བཞེས་པ་ས་སྟག་ལོ་སྟེ། ཕྱི་ལོ་༡༤༥༨ལོར་ཆབ་མདོ་བྱམས་པ་གླིང་དུ་ཕེབས་ནས་མདོ་སྔགས་ཀྱི་པོ་ཏི་མང་པོའི་བཤད་པ་མཛད་ཅིང་གདན་རབས་གཉིས་པར་ལོ་ལྔ་ཡི་རིང་བཞུགས། དེ་ནས་གདན་ས་སྦུས་མདའ་རྣམ་རྒྱལ་དཔལ་འབར་གླིང་དུ་ཕེབས་ནས་གཙུག་ལག་ཁང་དུ་རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་ཐམས་ཅད་ལོགས་བྲིས་སུ་བཀོད་པ་སོགས་རྟེན་གསུམ་ཚར་དུ་དངར་བ་བཞེངས། དགུང་ལོ་རེ་དྲུག་བཞེས་པ་རབ་བྱུང་བརྒྱད་པའི་ས་གླང་ལོ་སྟེ་སྤྱི་ལོ་༡༤༦༩ལོར་གདན་ས་སྦུས་མདའ་རྣམ་རྒྱལ་དཔལ་འབར་གླིང་དུ་སྐུ་ཡི་བཀོད་པ་བསྡུ་ཚུལ་བསྟན། སྐུ་གདུང་ཞུགས་ལ་ཕུལ་བ་ན་སྐུ་གཟུགས་དང་ཡིག་འབྲུ་རིང་བསྲེལ་བྱོན་པ་རྣམས་ཀྱིས་ནང་རྟེན་བྱས་པའི་གསེར་གདུང་བཀྲ་ཤིས་འོད་འབར་གདན་ས་འདིར་བཞུགས། ཁོང་གི་བརྩམས་ཆོས་དཔལ་དུས་ཀྱི་འཁོར་ལོའི་རྣམ་གཞག་སོགས་གཡག་རྒྱབ་ཀྱི་ཁུར་པོ་ལོན་པ་མཛད་པར་གྲགས་སོ།།

རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན།

chowang dragpa 02མཁས་དབང་ཤར་ཆེན་ནམ་མཁའ་རྒྱལ་མཚན། རྗེ་འདི་མདོ་སྟོད་སྒོམ་སྡེའི་ས་ཆར་ཆུ་ཕོ་འབྲུག་༡༥༣༢ལོར་སྐུ་འཁྲུངས། གཞོན་ནུ་ཉིད་ནས་རབ་ཏུ་བྱུང་ཞིང་རྡོ་རྗེ་འཛིན་པ་གོས་སྔོན་ཅན་གྱི་སྤྲུལ་པ་ཆབ་མདོ་ཆོས་རྗེ་པན་ཆེན་མི་གཡོ་བའི་དྲུང་དུ་ཕར་ཕྱིན་དང༌། དབང་རྗེས་གནང་མང་དུ་གསན། དེ་ནས་ཡུལ་དབུས་ཀྱི་ཆོས་གྲྭ་ཆེན་པོ་སེར་བྱེས་མཁས་སྙན་གྲ་ཚང་དུ་སྒྲིག་ཞུགས་ཀྱིས་པན་ཆེན་བདེ་ལེགས་ཉི་མར་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ། དཔལ་རྡོ་རྗེ་འཇིགས་བྱེད་དང༌། རྟ་མགྲིན་ཡང་གསང་ཁྲོས་པའི་དབང༌། རྒྱུད་འགྲེལ་དང་བཅས་པ་གསན། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་དབུ་ཕར་འདུལ་གསུམ་ལ་མཁས་པར་སྦྱངས། གཙང་ཐོས་བསམ་གླིང་དུ་ཞུགས་ནས་འདུལ་མཛོད་ཚད་མ་སོགས་ལ་སྦྱངས་ཀྱང་ཐུགས་མ་ཁེངས་པར་རྗེ་བཙུན་པའི་དངོས་སློབ་ཨེ་པ་དཀའ་ཆེན་ཤེས་རབ་རྒྱལ་པོའི་དྲུང་དུ་བྱོན་ནས་ཕར་ཚད་དབུ་གསུམ་དང་དྲང་ངེས་རྣམ་འབྱེད་སོགས་གསུང་རབས་རྣམས་ཀྱི་དཀའ་བའི་གནད་རྣམས་ཞིབ་ཏུ་གསན། དཔལ་འཁོར་བདེ་ཆེན་ལེགས་གྲུབ་གྲྭ་ཚང་གི་འཆད་ཉན་པ་མཛད། མཁས་པ་རྣམས་ཚོགས་པའི་དབུས་སུ་བཤད་པ་མཛད་པས་ཀུན་ཀྱང་རྗེ་འདིའི་མཁྱེན་རབ་རྣམ་དཔྱོད་ཀྱིས་ཡིད་འཕྲོགས་ནས་སྒོམ་སྡེ་ཀུན་མཁྱེན་ཞེས་པའི་སྙན་གྲགས་ཕྱོགས་ཡོངས་ལ་ཁྱབ་པར་མཛད། རྒྱུད་སྟོད་དུ་ཆོས་རྗེ་དཔལ་འབྱོར་རྒྱ་མཚོའི་དྲུང་དུ་གསང་འདུས་ཀྱི་རྒྱུད་འགྲེལ་ལེགས་པར་གསན། གཞན་ཡང་རྗེ་ཤཱཀ་རིན་པ། པན་ཆེན་རིགས་པའི་སེང་གེ ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་སོགས་དབང་ལུང་མན་ངག་གསན། སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་ཁྲིར་ཕེབས་ཏེ་མཆད་ཉན་ལོ་ཁ་ཤས་མཛད། ཤིང་ཁྱི་ལོར་དཔལ་ལྡན་རྒྱུད་སྟོད་ཀྱི་ཁྲི་ལ་ཕེབས་ཏེ་འཕྲིན་ལས་རྒྱས། རིམ་པས་ཤར་རྩེའི་ཁྲི་ལ་ཕེབས་ཏེ་དབང་རྗེས་གནང་ལུང་མན་ངག་གི་མཛོད་ཕྱེས་ཏེ་མཁས་པ་རྣམས་པད་མོའི་མཚོ་ལ་ངང་མོ་བཞིན་དུ་འདུས་ནས་ཤར་གྱི་ཆོས་གྲྭར་འཚང་ག་བྱེད་དགོས་པ་བྱུང༌། རྗེ་འདི་ལ་སློབ་མ་ཡང༌། པན་ཆེན་བློ་བཟང་ཆོས་རྒྱན་སོགས་བསྟན་འགྲོའི་ཁུར་ཆེན་འདེགས་ནུས་པའི་བུ་སློབ་མང་དུ་བྱོན། དགུང་ལོ་རེ་གཅིག་པར་ཆུ་ཕོ་འབྲུག་གི་ལོའི་ཟླ་བ་བརྒྱད་པའི་ནང་མི་ཕམ་ཆོས་ཀྱི་མདུན་སར་གཤེགས་སོ། །ཁོང་གི་བརྩམས་ཆོས་ཀྱང༌། ཕར་ཕྱིན་སྤྱི་དོན་ཆེན་མོ། དབུ་མ་ལ་འཇུག་པའི་དགོངས་འགྲེལ་ཐར་འདོད་འཇུགས་ངོགས། འཇིགས་བྱེད་ཀྱི་སྨོན་ཊཱིཀ་རིག་འཛིན་ཀུན་དྭའི་དགའ་སྟོན། དགེ་སློང་གི་བསླབ་བྱ་ཚིགས་བཅད་མ། བྱང་ཆུབ་སེམས་འགྲེལ་གྱི་རྣམ་པར་བཤད་པའི་ཞར་བྱུང་འབྲུག་མི་ཕམ་པད་མ་དཀར་པོས་ཕྱག་ཆེན་གྱི་བཤད་སྦྱར་རྒྱལ་བའི་གན་མཛོད་ཅེས་པར་རྗེ་ཙོང་ཁ་པ་ལ་དགག་པ་མཛད་པའི་གསུང་ལན། མདོ་རྒྱུད་དུ་མའི་ཊཱི་ཀ་དང༌། ལྷ་བླའི་བསྟོད་པ་དང་ཆབ་ཤོག་སོགས་མང་དུ་བཞུགས་སོ། །

རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན།

chowang dragpa 03སྐྱིད་ཤོད་སྡེ་པ་བསྟན་འཛིན་བློ་བཟང་རྒྱ་མཚོ་ནི། ལྷ་ལྡན་སྐྱིད་ཤོད་དུ་ཡབ་མི་དབང་སྡེ་པ་གཡུལ་རྒྱལ་ནོར་བུ་དང༌། ཡུམ་ཞོལ་བཟའ་བྱམས་སེམས་དགོས་དགོས་གཉིས་ལ་སྲས་གསུམ་ལས་ཆུང་བ་སྐྱིད་ཤོད་སྡེ་པ་ཆོས་རྗེ་སྟེ་ཞབས་དྲུང་རིན་པོ་འདི་ཉིད་རབ་བྱུང་བཅུ་པའི་ཆུ་མོ་སྦྲུལ་ཕྱི་ལོ་༡༥༩༣ལོར་ལྷ་ལྡན་སྐྱིད་ཤོད་དུ་སྐུ་འཁྲུངས། དགུང་ལོ་བཅུ་གཅིག་པར་རབ་བྱུང་བཅུ་པའི་ཆུ་ཡོས་༡༦༠༣ལོར་དགའ་ལྡན་ཁྲི་ཆེན་དགེ་འདུན་རྒྱལ་མཚན་གྱི་དྲུང་ནས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས་ཤིང་མཚན་ལ་བསྟན་འཛིན་བློ་བཟང་རྒྱ་མཚོ་ཞེས་གསོལ། རྒྱལ་བ་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ་དང༌། པན་ཆེན་རིན་པོ་ཆེ་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གཉིས་ཀྱི་དྲུང་ནས་དབང་དང་རྗེས་གནང་མང་པོ་ཞིག་གསན། རྩེད་ཐང་བྱང་མ་ཁང་གསར་བ་དཔལ་འབྱོར་བསོད་ནམས་ལྷུན་གྲུབ་དགེ་རྒན་དུ་གདན་དྲངས་ཏེ་བསྡུས་གྲྭ་དང༌། ཕར་ཕྱིན། དབུ་མ། འདུལ་བ། མཛོད་བཅས་སྦྱངས་པ་མཐར་ཕྱིན་པ་མཛད། གཞན་ཡང་སྙན་ངག་སོགས་ཐུན་མོང་རིག་གནས་དང༌། གསང་སྔགས་རྒྱུད་སྡེ་རྣམ་བཞིའི་དབང་ལུང་ཁྲིད་སོགས་རྒྱ་ཆེར་གསན། དགུང་ལོ་ཉེར་གསུམ་བཞེས་པའི་ཚེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་དྲུང་དུ་དགེ་སློང་གི་སྡོམ་པ་བཞེས། བྱ་རྒོད་གཤོང་དུ་དབུ་ཚད་གཙོ་བོར་བྱས་པའི་དམ་བཅའ་བཞག །ངམ་རིང་དུ་ས་དགེའི་གྲྭ་ཚང་ཉེར་ལྔའི་དབུས་སུ་དཀའ་ཆེན་རྣམ་བཞིས་མཚོན་པའི་པུ་སྟི་བཅོ་བརྒྱད་ལ་གྲྭ་སྐོར་མཛད། བཀྲ་ཤིས་ལྷུན་པོར་པན་ཆེན་མདུན་མི་ཏྲ། རྡོར་ཕྲེང། འགྲེལ་པ་བཞི་སྦྲགས་སོགས་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་གསན་ནས་གཙང་ཁུལ་གྱི་དབེན་གནས་མང་པོར་སྒྲུབ་པ་ཉམས་བཞེས་གཙོ་བོར་མཛད། དགུང་ལོ་ཉེར་དྲུག་སྐབས་སྡེ་པ་སྐྱིད་ཤོད་པའི་རྫོང་གཞིས་རྣམས་གཙང་པས་འཕྲོག་པ་བཅས་དུས་ཟིང་ཆེ་བར་བརྟེན་རྗེ་འདི་ཉིད་མཚོ་སྔོན་ཕྱོགས་སུ་བྲོས་བྱོལ་ཕེབས་དགོས་བྱུང་སྟེ་མདོ་སྨད་ཀྱི་དགོན་སྡེ་བྱ་ཁྱུང༌སོགས་དགོན་སྡེ་མང་པོ་ཞབས་ཀྱིས་བཅགས། ཀོའུ་བ་ཆོས་ཀྱི་རྒྱ་མཚོ་སོགས་ལ་ཆོས་ཀ་རྒྱ་ཆེར་བསྩལ་བ་སོགས་། བསྟན་པ་དང་འགྲོ་བའི་དོན་མཐའ་ཡས་པ་མཛད་དེ་དགུང་ལོ་ཞེ་དྲུག་བཞེས་པ་རབ་བྱུང་བཅུ་གཅིག་པའི་ས་སྟག་༡༦༣༨ལོར་སྐུ་གཤེགས། རྗེ་འདིའི་རྣམ་ཐར་རྒྱས་པ་རྗེ་བཙུན་ཐམས་ཅད་མཁྱེན་པ་བསྟན་འཛིན་བློ་བཟང་རྒྱ་མཚོ་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་དད་པའི་སྒོ་འབྱེད་ཅེས་བྱ་བ། མདོ་སྨད་སྒྲུབ་བརྒྱུད་བསྟན་པའི་ཤིང་རྟ་ཆེན་པོ་ཕྱག་ན་པདྨོ་ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོའི་གསུང་འབུམ་དུ་བཞུགས་པས་དེར་གཟིགས་པ་ཞུ།
ཁོང་གི་བརྩམས་ཆོས་ནི་བྲིས་མ་པོད་གཅིག་བཞུགས་ཞེས་གསུང་འབུམ་དཀར་ཆག་ཏུ་གསལ་ལོ།།

རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན།

Page 1 of 4

རྣམ་ཐར།

ཞང་ཞུང་པ་ཆོས་དབང་གྲགས་པ་སྐུ་ཕྲེང་དང་པོ།

རྗེ་ཙོང་ཁ་པ་ཆེན་པོའི་དངོས་སློབ་རྣམ་དཔྱོད་འགྲན་ཟླ་དང་བྲལ་བ་གཉིས་ཀྱི་ནང་ཚན་ཡི...

Data: 06-07-2023 | ཀློག་གྲངས། 135

ཞང་ཞུང་པ་ཆོས་དབང་གྲགས་པ་སྐུ་ཕྲེང་གཉིས་པ།

མཁས་དབང་ཤར་ཆེན་ནམ་མཁའ་རྒྱལ་མཚན། རྗེ་འདི་མདོ་སྟོད་སྒོམ་སྡེའི་ས་ཆར་ཆུ་ཕོ་འབྲུ...

Data: 06-07-2023 | ཀློག་གྲངས། 93

ཞང་ཞུང་པ་ཆོས་དབང་གྲགས་པསྐུ་ཕྲེང་གསུམ་པ།

སྐྱིད་ཤོད་སྡེ་པ་བསྟན་འཛིན་བློ་བཟང་རྒྱ་མཚོ་ནི། ལྷ་ལྡན་སྐྱིད་ཤོད་དུ་ཡབ་མི་དབང...

Data: 06-07-2023 | ཀློག་གྲངས། 9231

ཞང་ཞུང་པ་ཆོས་དབང་གྲགས་པ་སྐུ་ཕྲེང་བཞི་པ།

སྐྱིད་ཤོད་ཞབས་དྲུང་ངག་དབང་བསྟན་འཛིན་འཕྲིན་ལས་ནི་སྐྱིད་ཤོད་ཞབས་དྲུང་བསྟན་འཛི...

Data: 06-07-2023 | ཀློག་གྲངས། 9237

ཞང་ཞུང་པ་ཆོས་དབང་གྲགས་པ་སྐུ་ཕྲེང་ལྔ་པ།

མངོན་སྤྱོད་མཐུ་མངའ་སངས་རྒྱས་མཐུ་སྟོབས་དཔལ། ཞེས་༸གོང་ས་༸སྐྱབས་མགོན་རྒྱལ་བའི་...

Data: 06-07-2023 | ཀློག་གྲངས། 9228

ཞང་ཞུང་པ་ཆོས་དབང་གྲགས་པ་སྐུ་ཕྲེང་དྲུག་པ།

༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་སྐུ་ཕྲེང་བདུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོ...

Data: 06-07-2023 | ཀློག་གྲངས། 9227

ཞང་ཞུང་པ་ཆོས་དབང་གྲགས་པ་སྐུ་ཕྲེང་བདུན་པ།

མདོ་སྔགས་མངའ་བདག་བློ་བཟང་རྒྱལ་མཚན་དཔལ། ཞེས་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་...

Data: 06-07-2023 | ཀློག་གྲངས། 9223

ཞང་ཞུང་པ་ཆོས་དབང་གྲགས་པ་སྐུ་ཕྲེང་བརྒྱད་པ།

ངག་དབང་བློ་བཟང་བསྟན་པའི་དབང་ཕྱུག་ {བླ་རྒན་རྒྱ་ཡུ་} ཁོང་ནི་ཁྲི་རུ་དྲིལ་མདའ་པ...

Data: 06-07-2023 | ཀློག་གྲངས། 9262

ཞང་ཞུང་ཆོས་དབང་གྲགས་པ་སྐུ་ཕྲེང་དགུ་པ།

འབྲི་རུ་ཞབས་དྲུང་ངག་དབང་དགེ་ལེགས་བསྟན་པའི་རྒྱལ་མཚན་མཆོག །ནགས་ཤོད་འབྲི་རུ་རྦ...

Data: 06-07-2023 | ཀློག་གྲངས། 9224

ཞང་ཞུང་ཆོས་དབང་གྲགས་པ་སྐུ་ཕྲེང་བཅུ་པ།

འབྲི་རུ་ཞབས་དྲུང་བློ་བཟང་ཡེ་ཤེས་བསྟན་པའི་རྒྱལ་མཚན་མཆོག །ནགས་ཤོད་འབྲི་རུ་ཆུ་...

Data: 06-07-2023 | ཀློག་གྲངས། 9224

ཞང་ཞུང་ཆོས་དབང་གྲགས་པ་སྐུ་ཕྲེང་བཅུ་གཅིག་པ།

འབྲི་རུ་ཞབས་དྲུང་མཁས་གྲུབ་བསྟན་འཛིན་འཇིགས་བྲལ་ཆོས་ཀྱི་རྒྱལ་མཚན་མཆོག །ཡབ་འཇམ...

Data: 06-07-2023 | ཀློག་གྲངས། 9241

ཞང་ཞུང་ཆོས་དབང་གྲགས་པ་སྐུ་ཕྲེང་བཅུ་གཉིས་པ།

འབྲི་རུ་ཞབས་དྲུང་བསྟན་འཛིན་མཁས་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག །ཡབ་སྲི་གནོན་གཡང་...

Data: 06-07-2023 | ཀློག་གྲངས། 9250