- མདུན་ངོས།
- དཔྱད་རྩོམ།
- ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ།
Wed 11 Oct 2017
ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ།
རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན།
སྟོན་པ་མཆོག་དང་འཕགས་བོད་པཎ་གྲུབ་སྤྱི། །
མེས་དབོན་རྣམས་ལ་གུས་པས་རབ་བཏུད་ནས། །
ནགས་ཤོད་ནགས་ལ་ས་མཐའ་ཡོད་མེད་ཀྱི། །
དགག་སྒྲུབ་གཏམ་གྱི་སྦྱོར་བ་མདོ་ཙམ་སྤེལ། །
དེ་ཡང་ཇི་སྐད་དུ། གནས་བརྒྱད་ཆེན་མོའི་རྩ་བར། "ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་ཚིག་བླ་དྭགས་ཏེ་ཡི་གེ་འདུས་པའི་བདག་ཉིད་དོ།" ཞེས་གསུངས་པ་བཞིན། མིང་ནི། གདགས་གཞིའི་ངོས་ནས་ཐོག་མ་ནས་ཡོད་པ་ཞིག་མ་ཡིན་པར། བརྡ་སྦྱོར་མཁན་པོས་ཕར་བཏགས་པ་ཞིག་ཡིན་ལ། མིང་འདོགས་པ་ལ་ཡང་ངོ་བོ་དང་རྣམ་པ། དགོས་པ་གསུམ་དང་ལྡན་པ་ཞིག་དགོས་པ་ཡིན་ཏེ། དེ་ཡང་ངོ་བོ་ནི་ཡི་གེ་འདུས་པའི་བདག་ཉིད་དང་། རྣམ་པ་གདགས་པའི་གཞི་ལ་མིང་གདགས་པ། དགོས་པ་གདགས་པ་དེ་དོན་གཞན་དང་མ་འདྲེས་པར་འགྲོ་བའི་མི་ཤེས་པའི་རྨོངས་པ་རྣམས་བསལ་བའི་ཕྱིར་མིང་གདགས་པ་ཡིན་ཏེ། འཕགས་པ་ལང་ཀར་གཤེགས་པའི་ཐེག་པ་ཆེན་པོའི་མདོ་ལས། "མིང་ནི་བརྗོད་པར་མ་བྱས་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་པ་བསལ་བའི་ཕྱིར། །མིང་དུ་གདགས་པར་བྱ་བ་ཡིན། །"ཞེས་གསུངས་སོ།།
འདོགས་པའི་ཚུལ་ལའང་རྣམ་པ་གཉིས་ཡོད་དེ། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། "རིགས་ཀྱི་བུ་འཇིག་རྟེན་ན་མིང་དུ་བཏགས་པ་ཁ་ཅིག་ནི་རྒྱུ་དང་རྐྱེན་ཡོད་དོ། །ཁ་ཅིག་ནི་རྒྱུ་དང་རྐྱེན་མེད་དོ། །རྒྱུ་དང་རྐྱེན་ཡོད་པ་ནི་དཔེར་ན་ཤཱ་རིའི་བུ་ལྟ་བུའི་མིང་ཤ་རི་ཞེས་བྱ་བའི་རྐྱེན་གྱིས་མིང་གདགས་པའི་ཕྱིར་ཤཱ་རིའི་བུ་ཞེས་མིང་བཏགས་སོ། །མཽད་གལ་ཡ་ན་ཞེས་བྱ་བ་ནི་རུས་མིང་ཡིན་ཏེ་རུས་ལས་མིང་བཏགས་པའི་ཕྱིར་མཽད་གལ་ཞེས་བཏགས་སོ། །དཔེར་ན་ང་ནི་གཽ་ཏ་མའི་རིགས་ལས་སྐྱེས་ཏེ། དེའི་ཕྱིར་མིང་གཽ་ཏ་མ་ཞེས་བཏགས་སོ། དགེ་སློང་བྱི་ཤ་ཀ་ཞེས་བྱ་བ་ནི་བྱི་ཤ་ཀ་ནི་སྐར་མའི་མིང་སྟེ། སྐར་མའི་མིང་ལས་མིང་ཐོབ་པས་བྱི་ཤ་ཀ་ཞེས་བཏགས་སོ། ཇི་ལྟར་སོར་མོ་དྲུག་པ་སོར་མོ་དྲུག་གི་རྐྱེན་གྱིས་སོར་མོ་དྲུག་པ་ཞེས་མིང་དུ་བཏགས་སོ། །སངས་རྒྱས་སྦྱིན་དང་། ལྷས་སྦྱིན་ཞེས་བྱ་བའང་སངས་རྒྱས་དང་། ལྷའི་རྐྱེན་གྱིས་སངས་རྒྱས་སྦྱིན་དང་ལྷས་སྦྱིན་ཞེས་བཏགས་སོ། དྲོད་གཤེར་ལས་སྐྱེས་པའི་རྐྱེན་གྱིས་དྲོད་གཤེར་སྐྱེས་ཞེས་བཏགས་སོ། །དཔེར་ན་སྒྲའི་རྒྱུས་ཀ་ཀ་ལ་ཞེས་བྱ་བ་དང་། ཀུའུ་ཀུའུ་ལ་ཞེས་བྱ་བ་དང་ཙུ་ཙུ་ལ་ཞེས་བྱ་བར་མིང་དུ་བཏགས་ཏེ། དེ་ལྟ་བུ་ལ་སོགས་པའི་མིང་ནི་རྒྱུ་དང་རྐྱེན་ལས་བཏགས་པའི་མིང་ཞེས་བྱའོ། །རྒྱུ་རྐྱེན་མེད་པ་ནི་ཇི་ལྟར་པད་མོ་དང་། ས་དང་ཆུ་དང་། མེ་དང་ནམ་མཁའ་ལྟ་བུ་དང་། མན་དཱ་ར་བ་ནི་གཞལ་མེད་ཁང་སྐོམ་འཐུང་ཞེས་བྱ་བ་སྟེ། གཞལ་མེད་ཁང་སྐོམ་མི་འཐུང་ཡང་མན་དཱ་ར་བ་ཞེས་བྱ་བ་དང་། སར་བ་ཆ་ཏ་ཞེས་བྱ་བ་ནི་སྦྲུལ་གྱི་བླ་གབ་ཅེས་བྱ་སྟེ། ཡང་དག་པར་སྦྲུལ་གྱི་བླ་གབ་མ་ཡིན་པས་དེ་ནི་རྒྱུ་མེད་པར་ནན་གྱིས་མིང་དུ་བཏགས་པའོ།།"
ཞེས་གསུངས་པ་བཞིན། སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་ཐོག་མར་བརྡ་སྦྱོར་བ་ན་རྒྱུ་མཚན་ལ་མ་བརྟེན་པར་བརྡ་སྦྱོར་མཁན་པོའི་འདོད་པ་དབང་བཙན་པར་བྱས་ནས་རང་དགར་བཏགས་པའི་འདོད་རྒྱལ་དང་། འདྲ་འབྲེལ་གང་རུང་རྒྱུ་མཚན་དུ་བྱས་ནས་བཏགས་པའི་རྗེས་གྲུབ་ཀྱི་མིང་གཉིས་ལས་མ་འདས་པས་ནགས་ཤོད་ཅེས་པ་འདི་ཡང་དེ་གཉིས་ཀྱི་རྒྱ་ལས་མ་འདས་པའི་མིང་ཞིག་གོ །དེང་གི་དུས་སུ་ནགས་ཤོད་ཀྱི་ཤེས་ལྡན་པ་མང་པོ་ཞིག་གིས་རྒྱ་མཚོ་རླུང་གིས་བསྐུལ་བའི་ཆུ་ཡི་རླབས་ཕྲེང་མཁའ་ལ་འཕྱུར་བ་བཞིན། ནགས་ཤོད་ཀྱི་ནགས་ལ་ས་མཐའ་ཡོད་མེད་སྐོར་ལ་གཅིག་རྗེས་གཉིས་མཐུད་ཀྱིས་དཔྱད་བརྗོད་སྣ་ཚོགས་ཤིག་སྤེལ་བཞིན་པ་ནི། མདོ་ཁམས་ནགས་ཤོད་ཀྱི་བྱུང་རབས་ལོ་རྒྱུས་ལ་ཁ་སྐོང་དང་། འཕེལ་རྒྱས་ཀྱི་ལམ་ཁ་གསར་པ་ཞིག་འགོ་འཛུགས་བྱེད་པ་གོར་མ་ཆག །འོན་ཀྱང་ལོ་རྒྱུས་ཀྱི་རང་བཞིན་དུ་གྱུར་པ་ཡུལ་ལུང་གི་བྱུང་བ་གླེང་པ་ལ་རང་དགར་བཤད་ཡམ་དུ་མ་སོང་པར་དཔྱོད་ཤེས་བློ་གྲོས་ཀྱི་མིག་དཀྱུས་ཡངས་པོའི་སྒོ་ནས་རང་ཡུལ་གྱི་ལོ་རྒྱུས་རང་གིས་ཤེས་པར་བྱ་རྒྱུ་དང་། ཤེས་ནས་རྒྱུན་འཛིན་དང་དར་སྤེལ་གཏང་རྒྱུ་བཅས་ནི་ཕྲག་ཐོག་ཏུ་བབ་པའི་ལྡོག་མེད་ཀྱི་འོས་འགན་ཞིག་ཡིན་པར་བརྟེན། རྗེས་སུ་ཡི་རང་དང་བསྔགས་བརྗོད་ཀྱི་ཡུལ་དུ་གྱུར་པ་ཁོ་ནའོ། ཁོ་བོས་མཐོང་བའི་དཔྱད་བརྗོད་དག་ཏུ་ནགས་ཤོད་ཅེས་པ་དེ་རྗེས་གྲུབ་ཡིན་པ་གཞིར་བཟུང་ནས་རྒྱུ་མཚན་གང་ཞིག་ལ་བརྟེན་མིན་གླེང་པ་ལས་འདོད་རྒྱལ་ཡིན་མིན་གྱི་དཔྱད་པ་བྱས་པ་ད་ཕན་མ་མཐོང་།
འགའ་ཞིག་གིས་རྒྱུ་མཚན་ཕྱོགས་མཐོང་ཙམ་ལ་གོ་བ་དོན་ཐོག་ཏུ་མ་སོང་བའི་སྡོམ་ཚིག་སྟབས་བདེ་འགས་མཇུག་བསྡུ་བྱས་འདུག་མོད། འདི་མུར་རང་སོར་བཞག་ན་སྐྱོན་ཆེར་མེད་ཀྱང་། བཤད་ཡམ་འདི་དག་ལ་སྙིང་པོ་འཛིན་པའི་དཔྱོད་ཤེས་བློ་ཡི་ནུས་པ་ཞན་པ་འགའ་ཐེ་ཚོམ་གྱིས་དྲ་བས་བཅིངས་ནས། ས་ཡི་ཁྱོན་ལ་སྙན་པའི་གྲགས་པ་འབར་བ་བཙན་པོ་སྲོང་བཙན་གྱིས་རྒྱལ་ཁོངས་རྒྱ་བསྐྱེད་དང་མཐའ་ཡི་རྒྱལ་ཕྲན་དབང་དུ་བསྡུ་ཆེད་འཇང་ལ་དམག་དྲངས་སྐབས་རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རྩ་གཅིག་ཁྲོད། ཤིན་ཏུ་ཆེ་བའི་སྟོད་སྨད་བར་གྱི་དཔའ་སྡེ་གསུམ་ལས། "བར་གྱི་དཔའ་སྡེ་ནི་རི་སྤེན་མ་ལུང་གིས་ཡར་བཅད། ཆ་སྐོར་དར་བས་མར་བཅད་ཀྱི་ཡུལ་དེ་ན་སྦས་སྡེ་བཅུ་གཉིས་གནས་པ་ནགས་ཤོད་ཀྱིས་དཔོན་བྱས་ཏེ་ལྗང་མོ་ཐག་མདུང་ཅན་གླང་པོ་ཆེའི་མདུང་ཁུར་ཏེ། དམག་དང་བཅས་ནས་འོང་པ་ལ། འཐབ་པའི་ཚེ་དཔའ་རྟགས་སུ་རལ་གྲི་ལ་རི་མོ་བྲིས། དུར་རྒྱགས་ལྟོར་ཟོས། ཚ་ལེབ་རྒྱབ་ཏུ་གོན། སླར་མི་ལྡོག་པའི་བསམ་པ་དང་བཅས་ཏེ། དཔའ་བོའི་རལ་ཁ་བྱས་པས་ན་དཔའ་བའོ།" ཞེས་དང༌། རླངས་ཀྱི་པོ་ཏི་བསེ་རུ་ལས། རླངས་དོ་ཞེས་ལྷ་རུ་གཡུ་དགུང་པོ་དེ་མཆོད་ནས། ལྗང་ལ་དམག་བྱས་ལ། ལྗང་གི་ཐོག་མདའ་ནག་པོ་དེ་བཏེགས། ལྗང་མི་དུག་ཅན་གྱི་མིག་དེ་ཕྱུང༌། དེའི་དཔའ་རྟགས་ལྗང་གི་རལ་གྲི་ངོ་དེ་དང༌། འོད་འབར་མ་དེ་ཐོབ་པས་དེ་བས་ན་ནག་པོ་ལྗང་གི་འདུལ་དཔོན་ཡང་ལྷ་རིགས་རླངས་ཡིན་གསུངས་པ་བཞིན་ནགས་ཤོད་ཀྱིས་དམག་དཔོན་བྱས་ཏེ་བར་གྱི་དཔའ་སྡེས་འཇང་ཡུལ་བཏུལ་སྐབས་དཔའ་རྟགས་དགུང་ལ་བཞག་པ་སོགས་དཔའ་མཛངས་རྟུལ་ཕོད་ཅན་གྱི་མདོ་ཁམས་ནགས་ཤོད་པའི་མེས་པོ་གོང་མ་རྣམས་ཀྱིས་བོད་བཙན་པོའི་རྒྱལ་རབས་ཀྱི་ཡིག་ཚང་ནང་རིན་ཆེན་གསེར་ནག་གིས་བྲིས་པའི་ <<ནགས་ཤོད་>> ཅེས་པ་ཚེག་བར་གཉིས་ལ་གནས་པའི་ཡིག་འབྲུ་ལྔ་པོ་འདི་དག་དུས་ནམ་ཞིག་གི་ཚེ་མ་དག་ཡིག་ནོར་ཞིག་ལ་བརྩིས་ནས་ཙན་དན་སོལ་བ་ལ་བསྒྱུར་བའི་དཔེ་བཞིན་བསུབ་འཇུག་མི་བྱེད་པའི་ངེས་པ་ཆེར་མི་འདུག་པས་བརྗོད་དོན་ཁག་ཅིག་ལ་བདེན་དོན་གོ་བརྡ་འཕྲོད་ཐབས་སུ་དམིགས་ནས་དགག་གཞག་བྱེད་པའི་ངལ་བ་ལྷུར་བླང་པར་བྱའོ།།
དེ་ཡང་འགའ་ཞིག་འདི་ལྟར་སྨྲ་སྟེ། ནགས་ཤོད་ལུང་པའི་གཞུང་རྒྱུད་ནས་འབབ་པའི་ནགས་ཆུའི་ཆུ་འགོ་སྐྱ་ནག་མཚོ་ལ་ཟུག་པར་བརྟེན་སྐྱ་ཡི་ཡ་གྱལ་ནག་གི་ཟླས་དྲངས་པས་ནགས་ཤོད་ཀྱི་ནགས་ལ་ས་མཐའ་མེད་ཟེར། འདི་ལ་ལུང་དང་འགལ་བ་དང་། རིགས་པས་མི་འཐད་པར་བསྟན་པ་གཉིས་ལས། དང་པོ། ལུང་དང་འགལ་བ་ནི། སུམ་པ་ཡེ་ཤེས་དཔལ་འབྱོར་རམ་སུམ་པ་པཎྜི་ཏ་ཞེས་པའི་མཚན་གྱི་སྙན་པ་འབར་བའི་མཁས་པ་དེས་བརྩམས་པའི་བསྟན་པ་སྤྱིའི་ཆོས་འབྱུང་དཔག་བསམ་ལྗོན་བཟང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌། ཤོག་གྲངས། ༦༥༤ ཕྲེང་ ༡༠ ལས། ཁམས་ཀྱི་ཆུ་ཆེན་གསུམ་ནི། སྟོད་སྐྱ་ནག་མཚོ་ལས་བྱུང་བའི་ནགས་ཆུ། བར་སྔོ་ཆུ། མཐར་གླ་ཆུ་ཟེར་བའི་ཆུ་རྒྱུན་གཅིག་དང༌། ཞེས་སྐྱ་ནག་གི་ནག་དང་ནགས་ཆུའི་ (ནགས་ཤོད་ལུང་པའི་གཞུང་རྒྱུད་ནས་འབབ་པའི་ཆུ་) ནགས་གཉིས་དམིགས་ཀྱིས་དབྱེ་བ་མཛད་འདུག །འདིས་ཅི་ཞིག་མཚོན་གྱི་ཡོད་ཟེར་ན། དེ་ཡང། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་མཛད་པའི་ས་མཐའི་རྣམ་དབྱེ་ལས། ག་ང་བ་མ་བཞི་ཡི་རྗེས་རྣམས་ལ། །མི་ནོར་ཕྱིར་དུ་ས་མཐའ་འདི་ལྟར་མཛད། །ཅེས་དང་། མིང་ལ་དུས་གསུམ་དབྱེ་བས་མ་ཡིན་ཡང་། །མི་ནོར་སླད་དུ་འདི་ལྟར་ཁྱད་པར་མཛད། །སྔ་མ་ས་མཐའ་མེད་པའི་ཚུལ་དང་ནི། །ཕྱི་མ་ཡོད་པའི་ཤན་འབྱེད་འདི་ལྟར་བྱ། །ཞེས་གསུངས་པ་ལྟར། སྔ་མ་སྐྱ་ཡི་ཟླས་ཕྱེ་བའི་ཁ་དོག་ནག་པོའི་ནག་ས་མཐའ་མེད་པ་དང་། ཕྱི་མ་ནགས་ཚལ་གྱི་ནགས་ས་མཐའ་ཅན་གཉིས་མི་ནོར་བ་ཤན་ཕྱེས་ནས་ས་མཐས་རྒྱས་བཏབ་པར་མཛད་འདུག །འདིས་བརྡར་འདོགས་པའི་གཞི་ཡི་དངོས་པོ་ལ་རྣམ་དཔྱོད་ཀྱིས་ཡིན་ལུགས་ཕུ་ཐག་བཅད་ནས་དངོས་ཐོག་བདེན་ལུགས་བརྡར་བ་ཞིག་ཡིན་པ་ལས་རྒྱུ་མཚན་གཞན་ཅི་ཡང་བཤད་དུ་མེད། འདི་ཙམ་གྱིས་ནགས་ཤོད་ཀྱི་ནགས་འདི་ཆུ་ནག་གི་ནག་མ་ཡིན་པ་ངེས་པ་བདེ་བླག་ཏུ་རྙེད་ཐུབ་པ་ཞིག་འདུག་གོ །
གཉིས་པ། རིགས་པས་མི་འཐད་པར་བསྟན་པ་ནི། སྐྱ་ཡི་ཡ་གྱལ་ནག་གིས་དྲངས་པ་ཡིན་ན། ནག་གི་ཡ་གྱལ་སྐྱས་དྲངས་ནས་སྐྱ་ཆུ་དང་སྐྱ་ཤོད་ཅེས་མིང་མི་འདོགས་པའི་རྒྱུ་མཚན་ཅི་ཞིག་ཡོད། ཡང་ན་བོད་ཀྱི་ཡུལ་ཁམས་སུ། མ་ཕམ་གཡུ་མཚོ། གནམ་མཚོ་ཕྱུག་མོ། ཆོས་འཁོར་རྒྱལ་ལྷ་མོའི་བླ་མཚོ། ཆོས་འཕན་ཀླུ་ཡི་མཚོ། ཨེམ་མཚོ། དུག་མཚོ་ནག་པོ་སྟེ་ལག་ངར་མཚོ། མཚོ་དམར་ནག་རཀྟ། དྭང་ར་གཡུ་མཚོ། སྦུབ་མཚོ། ཡར་འབྲོག་གཡུ་མཚོ། ད་ལི་གཡུ་མཚོ། སྐྱེམ་མཚོ། རྩ་རི་མཚོ་དཀར། ཕོ་བྲང་གཡུ་མཚོ། གཉན་ཆེན་མཁར་ནག་མཚོ། རྒྱམ་མཚོ་ནག །མཚོ་སྐྱ་རེངས། སྔོ་རེངས། བུལ་མཚོ་དང༌། ཚྭ་མཚོ་དང༌། བེའུ་དུག་མཚོ། མེ་འབར་བའི་མཚོ་དང༌། སྟོང་རི་མཚོ་ནག ། ཁྲི་ཤོར་རྒྱལ། རྔ་དུང་རོལ་མོའི་སྒྲ་གྲགས་པའི་མཚོ་སོགས་མཚོ་དང་མཚེའུ་སྐར་ཚོགས་བཀྲ་བ་ལྟར་ཡོད་པས་དེ་རྣམས་ལས་འབབ་པའི་ཆུ་རྒྱུན་ལ་མཚོ་དང་མཚེའུ་དེ་དང་དེའི་མིང་སྣས་དྲངས་ནས་ཆུ་རྒྱུན་སོ་སོར་མིང་འདོགས་དགོས་པའི་ལམ་ལུགས་ཤིག་ཡོད་པ་ཡིན་ནམ། དེ་ལྟར་མིན་ན་ནགས་ཤོད་ཅེས་པའི་མིང་ལ་སྐྱ་ནག་མཚོ་ཡི་མིང་གིས་དྲངས་པ་རེད་ཅེས་ཨུ་ཚུགས་ཙམ་ལས་གཞན་རྒྱུ་མཚན་ཅི་ཡང་མེད་དོ།།
ཡང་འགའ་ཞིག་གིས། "ལུང་པ་འདིའི་ཡུལ་ལྷའི་གཙོ་བོ་ནག་ལྷ་ཛམ་བྷའི་སྐུ་མདོག་ནག་པོ་ཡིན་པས་ཡུལ་ལྷའི་མིང་ཡུལ་ལ་ཐོགས་པར་བརྟེན་ནག་ཤོད་ཀྱི་ནག་ལ་ས་མཐའ་མེད་ཟེར་ན།" འདི་ལ། ལུང་དང་འགལ་བ་དང་། རིགས་པས་མི་འཐད་པར་བསྟན་པ་གཉིས་ལས། དང་པོ་ནི། ཁྱབ་བདག་སྟག་ཕུ་པས་མཛད་པའི་ནགས་ལྷ་ཛམ་བྷའི་བསང་ཡིག །དཔེ་ཐུང་བྲིས་མ་ཤོག་གྲངས། ༡༨ རྒྱབ་གཟིགས་ཕྲེང༌། ༥ པ་ལས། "རིན་ཆེན་དར་ཟབ་བརྩིགས་པའི་གདན་ཁྲིའི་སྟེང། །སྟོན་ཀའི་ཟླ་ལྟར་དཀར་བའི་སྐུ་མཆོག་ནི། །ཆུ་དར་ཐོད་བཅིངས་དར་དཀར་འཇོལ་བེར་གསོལ། །རིན་ཐང་བྲལ་བའི་ནོར་བུའི་རྣ་ཆ་སོགས། །རིན་ཆེན་རྒྱན་གྱིས་སྐུ་ལ་ལེགས་པར་སྤྲས། །འཇིག་རྟེན་ལས་ཀུན་གསལ་བའི་མེ་ལོང་བསྣམས། །སྲིད་པས་བསྐོས་པའི་ལྷ་ཆེན་ཁྱོད་ལ་བསྟོད།" །ཅེས་གསུངས་པ་བཞིན། ཞི་དྲག་གང་གི་ཁྱད་པར་དུ་མ་བྱས་པའི་གཉན་སྲས་ནགས་ལྷ་ཛམ་བྷ་ནི། བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་དམ་པ་ནས་གསང་བདག་རྡོ་རྗེ་འཛིན་པ་དེ་ཉིད་སྡེ་བརྒྱད་མ་རུངས་པ་རྣམས་ཀྱི་གཉན་པོ་དང་། འགྲོ་བ་རྣམས་དབུལ་ཕོངས་ཀྱི་སྡུག་བསྔལ་སེལ་ཕྱིར་གནོད་སྦྱིན་ནོར་ལྷའི་རིགས་སུ་སྤྲུལ་པ། ཡབ་འོ་དེ་གུང་རྒྱལ་དང་། ཡུམ་བདུད་རྩི་སྨན་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མདོ་ཁམས་ཤོད་ཆེན་བཅོ་བརྒྱད་ཀྱི་ནང་ཚན་སྦས་ཡུལ་དབུ་མ་ནགས་ཀྱི་སྐྱེད་ཚལ་དུ་སྐུ་མཁར་མཛད་དེ་རིན་ཆེན་དར་ཟབ་བརྩིགས་པའི་གདན་ཁྲིའི་སྟེང་དུ་སྐུ་མདོག་སྟོན་ཟླ་ལྟར་དཀར་བ་ཆུ་བལ་ལས་བཟོས་པའི་དར་དཔྱངས་ཀྱིས་ཐོད་བཅིངས་པ། སྐུ་ལ་དར་དཀར་འཇོལ་བེར་གསོལ་ཞིང་རིན་ཐང་བྲལ་བའི་ནོར་བུའི་རྒྱན་གྱིས་སྤྲས་པ། ཕྱག་ན་འཇིག་རྟེན་ལས་ཀུན་གསལ་བའི་མེ་ལོང་བསྣམས་པ། འཁོར་རུ་འདྲེན་སུམ་བརྒྱ་དྲུག་ཅུས་བསྐོར་བའི་ལྷ་ཆེན་འདི་ཉིད་ཀྱི་སྐུ་མདོག་ནི་དཀར་པོ་ཡིན་པ་གསལ་བར་བསྟན་འདུག་པས་ནག་པོ་གཏན་ནས་མ་ཡིན་པའི་ཕྱིར་རོ།།
གཉིས་པ། རིགས་པས་མི་འཐད་པར་བསྟན་པ་ལ། རྒྱུ་མཚན་ཅིའི་ཕྱིར་ནགས་ལྷའི་སྐུ་མདོག་ནག་པོ་ཡིན་ཞེས་དྲིས་ན། ནག་ལྷ་ཛམ་བྷ་གནོད་སྦྱིན་ཡིན་པ་གང་ཞིག །གནོད་སྦྱིན་ནག་པོ་ཡིན་པའི་ཕྱིར། ཞེས་ཟེར་ན། རྟགས་དང་པོ་གྲུབ་ཏུ་ཆུག་ཀྱང་། ཕྱི་མ་མ་གྲུབ་པ་དང་ཁྱབ་པ་འཁྲུལ་བ་བསྟན་པའོ། དང་པོ་ནི། དང་པོ་ནགས་ལྷ་ཞེས་པའི་ཐ་སྙད་འདིའི་སྒྲ་གདངས་རྣ་བའི་བུག་པར་ལྷུང་བ་ཙམ་གྱིས་སྒྲ་ལ་འཁྲུལ་ནས་དཀར་ནག་གཉིས་ཀྱི་ནག་པོ་ཡིན་ཤག་བྱས་པ་ལས། གཞན་ནགས་ཚལ་དང་། ནགས་མ། ནགས་ཀྱི་ཤྭ་ན། ནགས་བྱ་རོག་པོ་སོགས་ལ་བསམ་གཞིག་གཏན་ནས་མ་བྱས་པས་ལེན་འདུག །དོན་དངོས་སུ་མདོ་ཁམས་ནགས་ཤོད་པའི་གནས་སྲུང་ཆེན་པོ་ནགས་ལྷ་ཛམ་བྷ་ལ་ཆ་རྒྱུས་དེ་ཙམ་མེད་པའི་རྟགས་མཚན་གསལ་འདུག་གོ །
གཞན་ཡང་། ནག་ལྷ་ཞེས་པའི་ནག་དེ་ལྷ་དང་སྦྲེལ་ནས་ནག་ལྷ་ཞེས་ཇི་ལྟར་སྨྲ། སྐུ་མདོག་ནག་པོ་དང་ངོ་བོ་ལྷ་ཡིན་པས་ནག་ལྷ་ཞེས་སྨྲ་ཟེར་ན། བོད་ཀྱི་བརྡ་སྤྲོད་སྤྱི་འགྲོས་དང་མི་མཐུན་པའི་གཏམ་ཡིན་ཏེེ། ནག་དེ་ལྷའི་སྐུ་མདོག་ཡིན་ན་དེ་དང་ལྷ་གཉིས་སྦྱོར་བའི་ཚིག་སྡུད་དུ་<<ལྷ་ནག་>>ཅེས་བསྡུ་དགོས་པ་ལས་<<ནག་ལྷ་>>ཞེས་ཇི་ལྟར་གྲུབ། འདི་ནི་ལྷ་དང་ཁ་དོག་སྦྱོར་བའི་བོད་ཀྱི་མིང་བརྡ་སྤྱི་འགྲོས་ཡིན་པའི་ཕྱིར་ཏེ། དཔེར་ན། རྣམ་སྣང་དཀར་པོ། རིན་འབྱུང་སེར་པོ། འོད་དཔག་མེད་དམར་པོ། མི་བསྐྱོད་པ་སྔོན་པོ། དོན་གྲུབ་ལྗང་ཁུ། མགོན་དཀར། སྒྲོལ་དཀར། སྒྲོལ་ལྗང་། ཛམ་དཀར། ཛམ་ནག །ཛམ་སེར། འཇམ་དབྱངས་དམར་སེར། འཇིགས་བྱེད་སེར་པོ། བདེ་མཆོག་ཚེ་ལྷ་དཀར་པོ་ཞེས་སྦྱོར་བ་ལས། དཀར་པོ་རྣམ་སྣང་། སེར་པོ་རིན་འབྱུང་ ། དམར་པོ་འོད་དཔག་མེད་ ། སྔོན་པོ་མི་བསྐྱོད་པ། ལྗང་ཁུ་དོན་གྲུབ། དཀར་མགོན་ ། དཀར་སྒྲོལ། ལྗང་སྒྲོལ། དཀར་ཛམ། ནག་ཛམ། སེར་ཛམ། དམར་སེར་འཇམ་དབྱངས། སེར་པོ་འཇིགས་བྱེད་ ། དཀར་པོ་ཚེ་ལྷ་བདེ་མཆོག །ཅེས་མི་སྦྱོར་པའི་ཕྱིར་རོ། དེ་བཞིན་གང་ཟག་གཞན་དང་ཁ་དོག་སྦྱོར་སྐབས། རྟ་ནག་དང་། ཁྱི་ནག །ལུག་ནག །མི་ནག། བྱ་ནག ཅེས་སྦྱོར་བ་ཡིན་གྱི། ནག་རྟ་དང་། ནག་ཁྱི། ནག་ལུག །ནག་མི། ནག་བྱ་ཞེས་མི་སྦྱོར་བ་བཞིན་ནོ།།
གཉིས་པ། ཁྱབ་པ་འཁྲུལ་བ་བསྟན་པ་ནི། འདིའི་འཁྲུལ་གཞི་ནི་བོད་ཀྱི་རྒྱལ་རབས་དང་ཆོས་འབྱུང་ཁག་ཏུ། རྒྱལ་པོ་གཉའ་ཁྲི་བཙན་པོའི་གོང་དུ་དབང་མཛད་བཅུ་གཉིས་དང་། མ་སངས་རུ་བརྒྱད། རྒྱལ་ཕྲན་བཅུ་གཉིས། རྒྱལ་ཕྲན་སིལ་མ་བཞི་བཅུ་རྩ་གཉིས་སོགས་ཀྱི་ལོ་རྒྱུས་འཆད་སྐབས། "དང་པོ་གནོད་སྦྱིན་ནག་པོ་ཞེས་བྱ་སྟེ། ཡུལ་གྱི་མིང་ཡང་བཟངས་ཡུལ་རྒྱན་མེད་བྱ་བ་བཏགས། ལག་ཆ་མདའ་གཞུ་འཕེན་པ་དེ་ནས་བྱུང་།" ཞེས་པའི་སྐབས་ཀྱི་གནོད་སྦྱིན་ནག་པོ་ཞེས་པའི་ཚིག་འདི་ཙམ་གྱིས་འཁྲུལ་གཞི་བྱས་ནས་གནོད་སྦྱིན་ཡིན་ན་ནག་པོ་ཡིན་པས་ཁྱབ་པ་ཁས་བླངས་པས་ནོངས་སོ།།
རྣམ་སྲས་གཙོ་འཁོར་ཡོངས་རྫོགས་གནོད་སྦྱིན་ཡིན་ཀྱང་སྐུ་མདོག་མ་ངེས་པ་ཅི་རིགས་ཡོད་དེ། བསྐང་གསོ་ལས། "སྐུ་མདོག་གསེར་གྱི་འོད་ལས་མཛེས། །ཞལ་ནས་རིན་ཆེན་ཆར་པ་འབེབས། །"ཞེས་དང་། "ཛམྦྷ་ལ་ནི་གསེར་གྱི་མདོག །གང་བ་བཟང་པོ་སྐུ་མདོག་སེར། །ནོར་བུ་བཟང་པོ་སྐུ་མདོག་དཀར། །ཀུ་བཻ་ར་ནི་སྐུ་མདོག་ནག །ཡང་དག་ཤེས་ནི་སྐུ་མདོག་སེར། །འབྲོག་གནས་སྐུ་མདོག་ནག་པོ་ལ། །ལྔ་རྩེན་སྐུ་མདོག་སེར་སྐྱ་ལ། །པི་ཙི་ཀུཎྜ་ལི་ནི་དཀར། །རྫུ་འཕྲུལ་རྟ་ཡི་སྟེང་བཞུགས། །"ཞེས་དང་། "གནོད་སྦྱིན་བྱེ་བའི་འཁོར་གྱིས་བསྐོར། །མདོག་མི་སྡུག་པ་སྣ་ཚོགས་ཏེ། །གཡོན་པ་ཐམས་ཅད་ནེའུ་ལེ་དང་། །གཡས་ན་མཚོན་ཆ་སྣ་ཚོགས་འཛིན། །གཞན་གྱི་དཔུང་རྣམས་འཇོམ་པར་བྱེད། །གཏེར་བདག་ཁྱོད་ལ་ཕྱག་འཚལ་ལོ། །"ཞེས་གསུངས་པ་བཞིན་སྐུ་མདོག་མ་ངེས་པའི་གནོད་སྦྱིན་གྲངས་ལས་འདས་པ་ཞིག་ཡོད་ཀྱང་གནོད་སྦྱིན་ཡིན་ན་ནག་པོ་ཡིན་མི་དགོས་པ་དེ་ཙམ་གྱིས་ཆོག་པས་རྒྱས་པར་མ་སྤྲོས་སོ། །
འགའ་ཞིག་གིས། "གནའ་རབས་བོད་ཀྱི་ས་གཤིས་གཏམ་རྒྱུད་ལས་མི་དང་རང་འབྱུང་ཁམས་ཀྱི་སྐྱེ་བརྒྱུད་བྱུང་འཕེལ་འདྲ་མཚུངས་བཤད་སྟངས་ལྟར་ན། བྱི་ནག་འཁོར་གསུམ་ནི་འོ་དེ་གུང་རྒྱལ་གྱི་སྲས་ཡིན་ཚུལ་བསྟན་པ་འདིས་ཀྱང་འབྱུང་ཁམས་གསང་བའི་འབྲེལ་བ་ཅན་ཞིག་གམ། དེ་མིན་ཡང་རྒྱུ་མཚན་གཞན་ཞིག་ཡོད་པ་ལ་ངོས་འཛིན་མི་བྱེད་ཐབས་མེད་རེད། ཡང་ན་དབང་མཛད་དང་པོ་གནོད་སྦྱིས་ནག་པོའི་དབང་བསྒྱུར་དུས་ལ་ཡུལ་འདིར་དབང་བསྡུས་པའམ། དབང་མཛད་ཀྱི་རིགས་རྒྱུད་མཆེད་པ་འདྲ་གང་ཡིན་ད་རུང་དཔྱད་པ་གཏོང་རྒྱུ་མང། རི་བོ་བྱི་ནག་འཁོར་གསུམ་དང་དབང་མཛད་ལོ་རྒྱུས་བར་ལ་འབྲེལ་བ་ཡོད་པ་འཐད་པའི་དབང་དུ་བཏང་ན། བྱི་ནག་འཁོར་གསུམ་ནང་ནས་ནག་ལྷ་དབང་ཐོབ་ཅུང་ཆེ་བ་འདི་ཡང་དབང་མཛད་ཐོག་མའི་དུས་ནས་འབྲེལ་བ་བྱུང་བ་དང་། གནོད་སྦྱིན་ཁོངས་སུ་གཏོགས་པའི་རྒྱུ་མཚན་གཙོ་བོ་ཡང་དེ་འདྲ་ཡིན་ཏེ། གནོད་སྦྱིན་ནག་པོའི་རིགས་ཀྱི་མཆོད་གནས་སམ་སྐྱབས་སུ་འཛིན་པ་སོགས་གདོད་མའི་ཁྱད་འཕགས་ངོ་བོ་འཛིན་སྟངས་ཞིག་ལ་བལྟས་ནས་ནག་ལྷ་ཞེས་བོས་པའམ། ཡང་ན་དབང་མཛད་རིམ་པ་བཞི་པ། དམར་འཇམ་ལྷའི་སྐབས་སུ་ལྷ་ཞེས་མིང་ཐོབ་པ་ཡིན་ཆོག་ལ། གལ་ཏེ་དབང་མཛད་དང་པོའི་དུས་ཀྱི་མཆོད་གནས་སུ་བཟུང་ན་དབང་མཛད་གཞན་གྱི་དུས་ལ་གོ་གནས་མཐོ་ཙམ་སླེབས་ཐུབ་པར་འདུག་གོ་སྙམ། གཞན་ཡང་དབང་མཛད་རྣམས་ཀྱི་མིང་ལ་ནག་པོ་ཡོད་པ་གཅིག་རང་མ་ཡིན་པའི་ནག་གི་ཐ་སྙད་དེ་ཡང་གོང་གི་རྒྱུ་མཚན་དང་ཀུན་ནས་མཚུངས་པར་འདུག་གོ །"ཞེས་ཟེར་ན། དབང་མཛད་དང་པོ་གནོད་སྦྱིན་ནག་པོས་དབང་བསྒྱུར་བའི་ཡུལ་དང་། ནོད་སྦྱིན་ནག་པོའི་ཁོངས་སུ་གཏོགས་པའི་མཆོད་གནས་སམ་སྐྱབས་སུ་འཛིན་པ་སོགས་གང་གི་དབང་དུ་བྱས་ཀྱང་འཐད་པ་མི་སེམས། སྤྱིར་ལོ་ངོ་སྟོང་ཚོ་དུ་མའི་སྔོན་དུ་གནོད་སྦྱིན་ནག་པོས་ནགས་ཤོད་དུ་དབང་བསྒྱུར་བྱས་ཡོད་མེད་བཤད་དཀའ་ནའང་། གནའ་མིའི་ངག་རྒྱུན་དང་རྒྱལ་རབས་ཆོས་འབྱུང་གང་དུའང་གནོད་སྦྱིན་ནག་པོས་ནགས་ཤོད་དུ་དབང་བསྒྱུར་བྱས་པའི་ལོ་རྒྱུས་ཟུར་ཙམ་མེད་ལ། དེ་ལས་ལྡོག་སྟེ་རྒྱལ་རབས་དང་ཆོས་འབྱུང་ཁག་ཏུ་མཐུན་སྣང་གཅིག་མཐུན་གྱིས་གནོད་སྦྱིན་ནག་པོས་དབང་བསྒྱུར་བྱེད་ཡུལ་"བཟངས་ཡུལ་རྒྱན་མེད་" ཅེས་གསལ་པོ་འཁོད་ཡོད་པ་ནི། མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་ལས། "དང་པོར་གནོད་སྦྱིན་ནག་པོ་ཞེས་བྱ་བ་བྱུང་སྟེ། ཡུལ་གྱི་མིང་ཡང་བཟངས་ཡུལ་རྒྱན་མེད་བྱ་བ་བཏགས། ལག་ཆར་མདའ་གཞུ་འཕེན་པ་དེ་ནས་བྱུང་།" ཞེས་དང་། དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས། "དང་པོར་གནོད་སྦྱིན་ནག་པོ་ཞེས་བྱས་ཏེ། །ཡུལ་གྱི་མིང་ཡང་བཟངས་ཡུལ་རྒྱན་མེད་ཟེར། །མཚོན་ཆ་མདའ་གཞུ་དེ་ཡི་དུས་སུ་བྱུང་། །"ཞེས་དང་། "མདོ་སྨད་རེབ་གོང་ལོ་རྒྱུས་ཆེན་མོ་ངོ་མཚར་གཏམ་གྱི་བང་མཛོད་ནང་དུ་ཆོས་འབྱུང་མཁས་པའི་དགའ་སྟོན་དྲངས་པ་ལས། "དང་པོར་གནོད་སྦྱིན་ནག་པོ་ཞེས་བྱས་ཏེ། །ཡུལ་གྱི་མིང་ཡང་བཟངས་ཡུལ་རྒྱན་མེད་ཟེར། །མཚོན་ཆ་མདའ་གཞུ་དེ་ཡི་དུས་སུ་བྱུང་། །ཞེས་གསུངས་པ་བཞིན། དཔྱད་ཞིབ་པ་རྣམས་ཀྱིས་མངའ་མཛད་རྣམས་ཀྱིས་དབང་བསྒྱུར་བྱེད་ཡུལ་ལོ་རྒྱུས་ཀྱི་ཚིག་རིས་དེད་ནས་བཟངས་ཡུལ་རྒྱན་མེད་ཞེས་པ་ཞིག་བོད་ཀྱི་ས་ཆ་གང་སར་ཡོད་མེད་དང་། ཡང་ན་སྤྱི་ཚོགས་འཕེལ་རིམ་གྱི་འཕོ་འགྱུར་ཁྲོད་ཐ་སྙད་ཟུར་ཆག་པའམ་དེ་དང་ཉེ་བའི་ཡུལ་ལུང་ཞིག་ཡོད་མེད་ཞིབ་དཔྱོད་བྱེད་རྒྱུ་ནི་ཐོག་མའི་ཆ་རྐྱེན་དང་པོ་དེ་ཡིན། དེར་བརྟེན་ལོ་རྒྱུས་ཀྱི་ཚིག་རིས་ལ་གསལ་བ་བཞིན། བོད་ཀྱི་ལོ་རྒྱུས་སྤྱི་དོན་པད་མ་རཱ་གའི་ལྡེ་མིག་ལས། "བཟངས་ཡུལ་རྒྱན་མེད་ཅེས་པ་འདི་ད་ལྟ་ལྷོ་ཁའི་ཕྱོགས་ཀྱི་ཟངས་རིའི་ལུང་པ་འདིའམ་འདིའི་སྐོར་ཞིག་མིན་ནམ་སྙམ།" ཞེས་གསུངས་པ་དང་། ཚ་བར་ཁ་ངག་དཀོན་མཆོག་གི་དཔྱད་རྩོམ་ཕྱོགས་བསྒྲིགས་ལས། བོན་ལུགས་ཀྱི་བཤད་སྲོལ་ལ། བོད་ཡུལ་ཐོག་མར་ཆགས་པ་དང་མཉམ་དུ་ཡུལ་དེའི་སྲུང་མའི་ཚུལ་དུ་བྱུང་བ་གྲགས་པའི་སྲིད་པའི་ལྷ་དགུའི་ཡབ་ཆེན་འོ་དེ་གུང་རྒྱལ་ནི་ཟངས་རི་འོལ་དགའ་ཁུལ་དུ་གནས་ཡོད་པ་དང་། འོ་དེ་གུང་རྒྱལ་ནི་སྲིད་པ་ལྷ་དགུའི་ཡབ་ཡིན་པ་གྲགས་ལ། བོད་རྗེ་གཉའ་ཁྲིའི་མེས་པོ་ཡང་ཡིན་པའི་བཤད་ཚུལ་མཆིས་པས། གཅིག་བྱས་ན་སྲིད་པ་ལྷ་དགུའི་སྐོར་གྱི་གཏམ་རྒྱུད་དེས་དབང་མཛད་རིམ་པ་དེ་དག་ནི་གཉའ་ཁྲི་བཙན་པོའི་མེས་པོ་ཡིན་པ་དང་། དེ་དག་གི་གནས་ཡུལ་ནི་ཟངས་རིའི་ཁུལ་དུ་ཡིན་པའི་ལོ་རྒྱུས་ཀྱི་དོན་དངོས་ཤིག་མཚོན་གྱི་ཡོད་པའང་སྲིད། ཅེས་པའི་དཔྱད་བརྗོད་འདི་གང་ནས་བསམ་ཀྱང་རྒྱུ་མཚན་ལྡན་པ་ཞིག་ཡིན། ཟངས་རི་ཞེས་པ་ནི་སྔོན་གྱི་ས་མིང་རྙིང་པ་ཞིག་ཡིན་པ་ནི། ཚེ་རིང་དཔལ་འབྱོར་གྱིས་ལེགས་སྡུད་བྱས་པའི་ལྷོ་ཁའི་རྫོང་ཁག་གི་མིང་ཇི་ལྟར་བྱུང་ཚུལ་རགས་ཙམ་གླེང་བ་ལས། "ཟངས་རི་རྫོང་། ཟངས་རི་ཞེས་པ་ནི་སྔོན་གྱི་ཟངས་རི་རྫོང་ཆགས་སའི་རི་དེ་ཟངས་ཀྱི་མདོག་ལྟར་འདྲ་བས་ཟངས་རི་ཞེས་སྔར་གྱི་མིང་རང་སོར་བཞག་ཡོད་སྟབས་ད་ལྟའང་ཟངས་རི་ཞེས་འབོད་ཀྱི་ཡོད། ད་ལྟའི་རྫོང་གི་གནས་ཡུལ་ཀྱང་སྔོན་གྱི་ཟངས་རི་རྫོང་གི་གནས་ཡུལ་དང་ཉེ་བའི་སྤྱི་ལེ་གཅིག་ཙམ་གྱི་སར་ཡོད།" ཅེས་གསུངས་པ་བཞིན་བཟངས་ཡུལ་རྒྱན་མེད་དང་མཐུན་ཤས་ཆེ་བ་དང་འབྲེལ་ཐག་ཉེ་བ་ཡོད། བཟངས་ཡུལ་ཞེས་པ་འདི་ཡིན་མིན་ཐག་གཅོད་དཀའ་ཡང་འདི་ལས་ལྷག་པའི་གནོད་སྦྱིན་ནག་པོས་དབང་བྱས་པའི་ཡུལ་ཞིག་ངོས་བཟུང་དཀའ་བ་ཡིན། "དང་པོར་གནོད་སྦྱིན་ནག་པོ་ཞེས་བྱ་བ་བྱུང་སྟེ། ཡུལ་གྱི་མིང་ཡང་བཟངས་ཡུལ་རྒྱན་མེད་བྱ་བ་བཏགས།" ཞེས་གནོད་སྦྱིན་ནག་པོའི་སྐོར་གྱི་སྡོམ་ཚིག་འདིས་ཡུལ་གྱི་མིང་དང་། སྐབས་དེ་དུས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ལག་ཆ་སོགས་གང་དང་གང་གསར་སྐྲུན་བྱས་ཡོད་པ་གསལ་པོར་བསྟན་ཡོད་ཀྱང་། གནོད་སྦྱིན་ནག་པོ་དང་ནགས་ལྷའི་ནགས་གཉིས་འདྲ་འབྲེལ་རྒྱུ་མཚན་དུ་བཀོད་པ་པོ་རྣམས་ཀྱི་ཐུགས་ཀྱི་ཞེ་འདོད་ལ། དབང་མཛད་ནང་ལ་ནག་པོ་ཞེས་པ་ཞིག་ཡོད་པ་དང་། ནགས་ཤོད་ཅེས་པའི་སྒྲ་ཟུར་ལའང་ནགས་ཞེས་པ་ཞིག་ཡོད་པ་གང་ཞིག །དེ་གཉིས་སྒྲ་གདངས་མཚུངས་པའི་ཕྱིར་ཟེར་བ་ལས་གཞན་རྒྱུ་མཚན་ཁ་གསལ་ཞིག་མ་མཐོང་། འདི་ནི་དཔྱད་ཞིབ་པ་ཞིག་ལ་སྐྱེ་རུང་བའི་དོགས་པ་ཞིག་གཏན་ནས་མ་ཡིན་ཏེ། འདི་གནོད་སྦྱིན་ནག་པོས་ནགས་ཤོད་ལ་དབང་བྱས་པའི་སྒྲུབ་བྱེད་མི་འགྲོ་ལ། གནོད་སྦྱིན་ནག་པོ་དང་གནོད་སྦྱིན་ནག་པོའི་རིགས་རྒྱུད་གང་གིས་ཡུལ་དེ་ལ་དབང་བྱས་ན་ཡུལ་དེ་ལ་གནོད་སྦྱིན་དེའི་མིང་གིས་དྲང་དགོས་པའི་ངེས་པ་མེད་པ་མངའ་མཛད་གཞན་ལས་ཤེས་ནུས། དེ་བཞིན་གནོད་སྦྱིན་གང་ཞིག་གིས་ལྷ་གང་ཞིག་ལ་སྐྱབས་སུ་གསོལ་ན་ལྷ་དེ་ལ་གསོལ་བ་པོའི་མིང་གིས་དྲང་དགོས་པའི་རྒྱུ་མཚན་མ་མཐོང་ངོ།།
ཡང་ནགས་ལྷ་ཞེས་པའི་ནགས་ཀྱི་ཡ་གྱལ་ལྷ་འདི་དབང་མཛད་རིམ་པ་བཞི་པ། དམར་འཇམ་ལྷའི་སྐབས་སུ་ལྷ་ཞེས་མིང་ཐོབ་པ་ཡིན་ཆོག་ཟེར་ན། ཡར་ལྷ་ཤམ་པོ། གཉན་ཆེན་ཐང་ལྷ། སྐྱིད་ཤོད་ཞོ་ལྷ་ཕྱུག་པོ། ཇོ་བོ་ཆིམ་ལྷ། སྐུ་ལྷ་གངས་དཀར། མེ་ཉག་བཞག་བྲ་ལྷ་རྩེ། སོགས་དམར་འཇམ་ལྷའི་སྐབས་སུ་ལྷ་ཞེས་མིང་ཐོབ་པ་ཡིན་ཆོག་ལ། དེ་ལྟར་མིན་ན་ནགས་ལྷ་ཞེས་པའི་ལྷ་འདི་དབང་མཛད་བཞི་པ་དམར་འཇམ་ལྷའི་ཞེས་པའི་སྐབས་ཀྱི་དབང་མཛད་ཀྱི་མིང་ཐོགས་སྟངས་དམིགས་བསལ་མེད་པ་གོང་གི་གནོད་སྦྱིན་ནག་པོ་དང་མཚུངས་པ་ཡིན། གལ་ཏེ་དབང་མཛད་བཞི་པ་དམར་འཇམ་ལྷའི་སྐབས་དབང་མཛད་ཀྱི་མིང་གིས་དྲངས་ནས་བཏགས་པ་ཡིན་ན། དབང་མཛད་བཞི་པའི་མིང་གིས་དྲངས་ནས་དམར་ལྷ་ཞེས་མ་བཏགས་པར་ནག་ལྷ་ཞེས་འདོགས་དོན་གང་ཡིན། ནག་ཞེས་པ་དབང་མཛད་ཐོག་མའི་སྐབས་བཏགས་ཟིན་པའི་ཕྱིར་ཟེར་ན་མི་རིགས་ཏེ། གནོད་སྦྱིན་ནག་པོ་དེ་གནོད་སྦྱིན་མཐའ་མ་ཡིན་པའི་ཕྱིར། དེ་གནོད་སྦྱིན་ཐོག་མ་ཡིན་པའི་དབང་དུ་བཏང་ནའང་གནོད་སྦྱིན་རིམ་པ་བཞི་པའི་བར་ནགས་ལྷའི་མཚན་ནག་ཞེས་པ་ལས་གཞན་མེད་པ་འདོད་དགོས་སོ།།
ཡང་འགའ་ཞིག་གིས། "སྲིད་པ་ཆགས་རྗེས་མི་ཡི་འགྲོ་བ་བྱུང་ནས་མི་རྣམས་འཚོ་གནས་བྱེད་པའི་རྒྱུད་རིམ་ནང་རིམ་བཞིན་ཚོ་མིང་ཡུལ་ལ་ཐོག་པ་དང་། རུས་མིང་ཡུལ་ལ་ཐོག་པ། རི་མིང་ཡུལ་ལ་ཐོག་པ་ལ་སོགས་པ་ཧ་ཅང་མང་། དཔེར་ན། ཡར་ལྷ་ཤམ་བྷོ་གནས་པའི་ཡུལ་ལ་ཡར་ལུང་ངམ་ཡར་ཀླུངས་དང་དེ་ནས་འབབ་པའི་ཆུ་ལ་ཤམ་ཆུ། རྨ་ཆེན་སྤོམ་ར་གནས་པའི་ཡུལ་ལ་རྨ་ཡུལ་དང་དེ་ནས་འབབ་པའི་ཆུ་ལ་རྨ་ཆུ། དྭགས་ལྷ་སྒམ་པོ་གནས་པའི་ཡུལ་ལ་དྭགས་ཡུལ། སྒ་སྟོད་ཇོ་བོ་སྒྱོགས་ཆེན་གནས་པའི་ཡུལ་ལ་སྒ་བ། སྐྱིད་ཀྱི་ཞོགས་ལྷ་རྒྱུག་པོ་གནས་པའི་ཡུལ་ལ་སྐྱིད་ཤོད། ཤེའུ་ཁ་རག་གནས་པའི་ཡུལ་ལ་ཤེའུ་ཁར་རམ་ཤེལ་དཀར། (ཤེའུ་ཁར་གྱི་སྒྲ་ཟུར་ཆག་སོང་བ་འདྲ) གཉེན་ཆེན་ཐང་ལྷ་གནས་པའི་ཡུལ་ལ་གཉེན་དྲུང་ངམ་སྙིང་དྲུང་(བཤད་སྲོལ་ལ་རི་སྙིང་དང་འདྲ་བའི་དྲུང་དུ་གནས་པས་སྙིང་དྲུང་ཡིན་ཞེས་ཟེར་ཡང་དོན་དུ་གཉེན་དྲུང་གི་སྒྲ་ཟུར་ཆག་པ་འདྲ)། འོ་དེ་གུང་རྒྱལ་ལམ་འོ་ལ་ཤ་གཟན་(འོ་དེ་གུང་རྒྱལ་གྱི་མཚན་གཞན་ལ་འོ་ལ་ཤ་གཟན་དུ་འབོད་)གནས་པའི་ཡུལ་ལ་འོ་ལ་ཁའམ་འོལ་ཁ། ཤེལ་ཚར་རྒྱལ་གངས་གནས་པའི་ཡུལ་ལ་ཤེལ་ཚ། སོག་ལ་སྐྱ་བོ་གནས་པའི་ཡུལ་ལ་སོག་གཞུང་། དེ་ནས་འབབ་པའི་ཆུ་ལ་སོག་ཆུ། ཆུ་དེ་འབབ་པའི་ཡུལ་ལུང་ལ་སོག་ཤོད་སོགས་བོད་ཀྱི་མདོ་དབུས་ཁམས་གསུམ་ལ་རི་མིང་ཡུལ་ལ་བཏགས་པ་ཧ་ཅང་མང་། རང་ཡུལ་ནག་ཤོད་ཁོ་ན་ལའང་དེ་ལྟར་བཏགས་པའི་ཡུལ་མིང་ཤིན་ཏུ་མང་ཡང་དཔེ་མཚོན་ཙམ་དུ་ཞུས་ན་འདི་ལྟར་ཏེ། ཀ་གྭ་ཟི་གནས་པའི་ལུང་པ་ལ་ཀ་རོང་དང་དེ་ནས་འབབ་པའི་ཆུ་ལ་ཀ་ཆུ། གདོང་རྗེ་འཕགས་མོ་གནས་པའི་ལུང་པ་ལ་གདོང་འགག་དང་དེ་ནས་འབབ་པའི་ཆུ་ལ་གདོང་ཆུ། གཡུང་རྗེ་གངས་དཀར་གནས་པའི་ལུང་པ་ལ་གཡུང་འགག་དང་དེ་ནས་འབབ་པའི་ཆུ་ལ་གཡུང་ཆུ། རྒྱས་རི་རྒྱལ་གནས་པའི་ལུང་པ་ལ་རྒྱས་འགག སེར་ལ་རྫོང་བུམ་གནས་པའི་ལུང་པ་ལ་སེར་ཁོག་དང་དེ་ནས་འབབ་པའི་ཆུ་ལ་སེར་ཆུ་ལ་སོགས་པ་རི་མིང་ཡུལ་ལ་བཏགས་པ་མང་པོ་ཡོད་པ་ཚང་མས་མཁྱེན་གསལ་ལྟར་རོ།།" ཞེས་ཟེར། གཏམ་དཔེ་ལ། "འདྲ་པོ་ཡོད་ཀྱང༌། འགྲིག་པོ་མི་འདུག་" ཟེར་བ་ལྟར་འདི་ལ་ཡིད་བརྟན་རུང་བའི་ལུང་གི་ཁུངས་དང་རིགས་པའི་དཔྱད་པ་མ་ཞུགས་པའི་རྗེས་འགེབ་ཙམ་ཞིག་ལས་ངེས་ཤེས་འདྲོང་པོའི་གྲུབ་དོན་ཞིག་རྙེད་རྒྱུ་མི་འདུག་གོ །
གོང་དུ་བཤད་པའི་སྲིད་པ་ཆགས་པའི་ལྷ་དགུའི་ཁོངས་ཀྱི་ཡར་ལྷ་ཤམ་པོ་ལ་མཚོན་ན། མདོ་དབུས་ཁམས་གསུམ་ལ་གྲགས་པའི་གཏམ་དཔེར། ཡུལ་ཡར་ལུང་ཁོག་ལ་སོང་ན། ལྷ་ཡར་ལྷ་ཤམ་པོ་བསྟེན་དགོས། ཞེས་པའི་ཚིག་འདིའི་ཕྱོགས་ངོས་གང་ནས་བལྟས་ཀྱང་ཡུལ་ཡར་ལུང་ལ་གནས་པའི་ལྷ་ཤམ་པོ། ཞེས་གསལ་བར་གོ་ནུས། སྤྱིར་ཡར་ལུང་ནི་སྤུར་རྒྱལ་བཙན་པོའི་གདུང་རབས་ཐོག་མའི་འབྱུང་ཁུངས་དང་ཆབ་སྲིད་ཀྱི་ལྟེ་གནས་ཡིན་པར་བརྟེན། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་དང་། སྔོན་གྱི་གཏམ་མེ་ཏོག་ཕྲེང་བ། མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ། རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ། སྦ་བཞེད། རྒྱལ་རབས་གསལ་བའི་མེ་ལོང་། འབེལ་གཏམ་ལུང་གི་སྙིང་པོ། དེབ་ཐེར་དམར་པོ། རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད། དེབ་ཐེར་སྔོན་པོ། ཡར་ལུང་ཇོ་བོ་ཤཱཀྱ་རིན་ཆེན་གྱི་ཆོས་འབྱུང་སོགས་རྒྱལ་རབས་ཆོས་འབྱུང་ཁག་ཏུ་ཡར་ལུང་ཞེས་པ་མང་དུ་ཡོད་ཀྱང་། དེ་རྣམས་ཀྱི་ནང་དུ་ཡར་ལུང་གི་སྒྲ་བཤད་ཁ་གསལ་ཞིག་ཁོ་བོས་ད་བར་མ་མཐོང་། རབ་བྱུང་ལྔ་པའི་ཤིང་བྱ་ལོར་ཨོ་རྒྱན་གླིང་པས་བསམ་ཡས་དང་ཤེལ་བྲག་ནས་གཏེར་དུ་བཏོན་པའི་རྒྱལ་པོ་བཀའ་ཐང༌། བཙུན་མོ་བཀའ་ཐང༌། བློན་པོ་བཀའ་ཐང༌། ལོ་པཎ་བཀའ་ཐང༌། ལྷ་འདྲེ་བཀའ་ཐང་སྟེ་བཀའ་ཐང་སྡེ་ལྔའི་ནང་གསེས་བློན་པོ་བཀའ་ཐང་ནང་བོད་མིའི་བྱུང་རབས་འཆད་སྐབས། "སྤྲེལ་ཕྲུག་རྣམས་འབྲུ་རིགས་ཀྱིས་ཚིམས་པར་མཛད་དེ་མུ་གེ་གནམ་ལ་ཡར་བས་ཡར་ཀླུངས་ཞེས་སུ་གྲགས། ཡུལ་ལ་སྔ་བ་ཡར་ཀླུངས་ཡིན་ནོ།" ཞེས་གསུངས་པ་དང་། དུས་རབས་བཅུ་གཉིས་ནང་ལྷོ་བྲག་གཏམ་ཤུལ་བ་མངའ་བདག་ཉང་ཉི་མ་འོད་ཟེར་གྱིས་བརྩམས་པའི་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། བོད་ཀྱི་དཔེ་མཛོད་ཁང་། ལོ་རྒྱུས་དེབ་ཕྲེང་དང་པོ། ཤོག་གྲངས། ༡༤༩ བོད་དུ་མིའི་འགྲོ་བ་བྱུང་ཚུལ་འཆད་སྐབས་། "སེར་ཁ་ཟོར་ཐང་ཟར་རུ་འབྲུ་སྣ་ལྔ་བཏབ་པའི་སར་ཁྲིད་ནས་ཕྱིན་པ་དང་འབྲུ་ཐམས་ཅད་ཁ་ཤ་རེ་སྨིན་ནས་འདུག་གོ །དེ་རྣམས་བུ་ཚ་བོ་རྣམས་ལ་བསྟན་ནས་འདི་ཁྱེད་རྣམས་ཀྱི་ཟས་སྐལ་དུ་འཕགས་པས་གནང་བ་ཡིན་ནོ། །འདི་རྣམས་ཟོ་དང་སྨྲས་པས་ཡུལ་ལ་སྔ་བ་ཡར་ལུང་ཟོ་དང་བྱ་བ་ཡིན་ནོ། །(སྤྲེའུ་ཕྲུག་བཞི་བརྒྱ་པོ་)དེ་རྣམས་དགའ་ཆེ་སྟེ་འདི་ལ་ལྟོས་ལས་ཟོ་དང་ཟེར་ཏེ་མུ་གེ་ཡར་བས་ཡར་ཀླུང་དུ་གྲགས་སོ།།" ཞེས་གསུངས་པའི་ལུང་ཚིག་འདི་གཉིས་ཀྱིས་ཡར་ལུང་ཞེས་པ་ལྷ་ཤམ་པོའི་མིང་ཡུལ་ལ་བཏགས་པ་མ་ཡིན་པ་གསལ་པོ་བསྟན་འདུག་གོ །
དེ་བཞིན་དུ། སྲིད་པའི་ལྷ་དགུའི་ཁོངས་ཀྱི་དྭགས་ལྷ་སྒམ་པོ་ཡང་རུས་མིང་ཡུལ་ལ་ཐོགས་པ་དང་། ཡུལ་མིང་ཡུལ་ལྷ་ལ་བཏགས་པ་ཡིན་ཏེ། ངམ་རིང་ཚིག་མཛོད་ལས། "དྭགས་པོ་ཞེས་པའི་རིགས་རུས་ཀྱི་མི་ཚོ་གཞིས་ཆགས་ཡོད་པས་དྭགས་པོ་དང༌། བར་སྐབས་རྒྱ་ཚ་དང༌། གླང༌། ལྷ་རྒྱ་རི། སྐུ་རབ་རྣམ་རྒྱལ། སྐྱེམས་སྟོང་བཅས་རྫོང་ཁག་ལྔར་བསྒྱུར།" ཞེས་གསལ། དེ་བཞིན་སྲིད་པའི་ལྷ་དགུའི་ཁོངས་ཀྱི་ལྷོ་བྲག་ཤེའུ་མཁའ་རི་ཡང་ཡུལ་མིང་ཡུལ་ལྷ་ལ་ཐོགས་པ་ཡིན་ཏེ། ཆོས་འཕེལ་གྱིས་བརྩམས་པའི་ལྷོ་ཁ་ཁུལ་གྱི་གནས་ཡིག་ལས། "ལྷོ་བྲག་"ཅེས་པ་ནི་ཡར་ལྷ་ཤམ་བུའི་ལྷོ་ངོས་ཀྱི་བྲག་རི་ལ་ལྷོ་བྲག་ཅེས། ད་ལྟའི་ལྷོ་བྲག་རྫོང་གནས་ཡུལ་ནི་དཀར་པོ་ཞེས་སྔོན་ལྷོ་བྲག་དུ་བ་རྫོང་གི་ཞོལ་དུ་ཆགས་ཡོད། ཅེས་གསལ།
སྲིད་པའི་ལྷ་དགུའི་ཁོངས་ཀྱི་སྒ་སྟོད་ཇོ་བོ་སྒྱོགས་ཆེན་ཡང་རུས་མིང་ཡུལ་ལ་ཐོགས། ཡུལ་མིང་ཡུལ་ལྷ་ལ་ཐོགས་པ་ཡིན་ཏེ། སྒ་སྟོད་སྐྱེ་རྒུ་དོན་གྲུབ་གླིང་གི་ལོ་རྒྱུས་ལས། "སྒ་སྟོད་སྐྱེ་རྒུ་དོན་གྲུབ་གླིང་ནི། རུས་ཆེན་བཞི་ཡི་ཡ་གྱལ་སྒ་ཞེས་གྲགས་པའི་དམུ་ཚ་སྒ་ཡི་ཁོངས་སུ་གཏོགས་པ་ཡིན། ད་ལྟ་རྒྱ་བོད་ཡོངས་སུ་གྲགས་པ་སྒ་སྐྱེ་རྒུའི་མི་ལ་སྒ་པའི་མི་དང་། སྒ་ཁོག་གི་མི་ཞེས་གྲགས། དོན་ལ་སྒ་པའི་རུས་ཚོ་ཆེ་དྲུག་གི་ཁོངས་སུ་གཏོགས།" ཞེས་གསལ་བ་ལྟར། སྒ་ཡི་རུས་རྒྱུད་ཟམ་མ་ཆད་པ་གནས་ཆགས་པའི་ཡུལ་ཡིན་པས་སྒ་ཡུལ་ཞེས་དང་། ཡུལ་མིང་ཡུལ་ལྷ་ལ་ཐོགས་ནས་སྒ་ཇོ་བོ་སྒྱོགས་ཆེན་ཞེས། སྒ་ནི་ཡུལ་མིང་དང་། ཇོ་བོ་སྒྱོགས་ཆེན་ནི་ཡུལ་ལྷའི་མིང་ཡིན། འདི་ལ་མིང་གི་རྣམ་གྲངས་ལྟ་བུ་འབྲི་སྟངས་མི་འདྲ་བ་འགའ་ཞིག་ཡོད་པ། དཔེར་ན། "ཇོ་བོ་གངས་རྭ། ཇོ་བོ་སྒྱོགས་ཆེན་གཏོང་ར། སྒྱོགས་ཆེན་སྟོང་ར། སྒྱོགས་ཆེན་ལྡོང་ར། སྒྱོགས་ཆེན་སྡོངས་ར། ཇོ་བོ་འགྱོག་ཆེན། ཇོ་བོ་ཞལ་དཀར། དབང་ཆེན་ཀུན་གྲགས། སྲེད་སྤངས་རྡོ་རྗེ། "སོགས་མིང་འདི་དག་གིས་སྒ་ཞེས་པ་ལྷ་མིང་མ་ཡིན་པ་གསལ་པོ་བསྟན་ཡོད།
སྲིད་པའི་ལྷ་དགུའི་ཁོངས་ཀྱི་གཉན་ཆེན་ཐང་ལྷ་དང་རྨ་ཆེན་པོམ་ར་(སྤོམ་ར་)སོགས་ཀྱི་གཉན་དང་རྨ་སོགས་རུས་མིང་ཡུལ་ལ་ཐོགས་པ་ཡུལ་གྱི་མིང་དང་། དེ་དག་ཐང་ལྷ་དང་པོམ་ར་སོགས་ལྷའི་མིང་དང་སྦྲེལ་ནས་གཉན་ཆེན་ཐང་ལྷ་དང་། རྨ་རྒྱལ་པོམ་ར་ཞེས་བཏགས་པ་སྙམ་སྟེ། གོང་དུ་བཤད་པའི་སྲིད་པའི་ལྷ་དགུའི་ཁོངས་ཀྱི་ཡར་ལྷ་ཤམ་པོ་དང་། དྭགས་ལྷ་སྒམ་པོ། ལྷོ་བྲག་ཤེའུ་མཁའ་རི། ཇོ་བོ་སྒྱོགས་ཆེན་སོགས་ཀྱི་མིང་ཐོགས་སྟངས་དང་། བོན་གྱི་དཔེ་རྙིང་ཀུན་བཟང་བསང་ནག་སོགས་ལས། "སྟོད་ཀྱི་གེ་ཁོད་ལྷ་འཁོར། བར་གྱི་ཐང་ལྷའི་ལྷ་འཁོར། སྨད་ཀྱི་པོམ་རའི་ལྷ་འཁོར།" ཞེས་གསལ་བ་ལྟར་རྨ་དང་གཉན་སོགས་མ་འབྲེལ་བ་སྟོད་སྨད་བར་གསུམ་ནས་ལྷ་སོ་སོའི་རང་མིང་ནས་བོས་འདུག །དེ་བཞིན། ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག་ལས། " ཏི་སེ་གཙོས་གྱུར་ཞང་ཞུང་ལྷ་རིགས་དང་། ཐང་ལྷ་གཙོས་གྱུར་བོད་ཡུལ་ལྷ་རིགས་དང་། པོམ་ར་གཙོས་གྱུར་མདོ་ཁམས་ལྷ་རིགས་དང་། སྲིད་པའི་སྨན་ཚོགས་དགུ་ཁྲི་དགུ་འབུམ་དང་། འཇིག་རྟེན་སྐྱོང་བྱེད་བརྟན་མ་བཅུ་གཉིས་སོགས།" ཞེས་གསལ་བར་གསུངས་འདུག །
དེ་བཞིན་ཡུལ་མིང་ཡུལ་ལྷ་ལ་བཏགས་པའི་དཔེ་མཚོན་གསལ་ཤོས་ནགས་ཤོད་ཡུལ་གྱི་རམ་ཀ་བ་ཡིན་ཏེ། ཡུལ་ལྷ་གཅིག་ལ་གནས་ཡུལ་གྱི་ཆ་ནས་རམ་ལ་གནས་པས་རམ་ཀ་བ། གདོང་ལ་གནས་པས་གདོང་རྗེ་ཕག་མོ། ཀ་རོང་ལ་གནས་པས་ཀ་བ་ཟེ། གཡུག་ལ་གནས་པས་གཡུག་རྗེ་གངས་དཀར་། ཞེས་བཏགས་ཡོད། འདི་ལ་རྒྱུ་མཚན་མེད་པ་མ་ཡིན་ཏེ། ལྷ་དེ་ཡུལ་གང་དུ་འབྱོན་བཞུགས་བྱེད་པའི་ཡུལ་དེའི་མིང་སྣས་དྲངས་ནས་ལྷ་ལ་འབོད་པའི་ལུགས་སྲོལ་རྨ་མེད་པ་ཞིག་ཡོད་དེ། དཔེར་ན། བསྐང་གསོ་ལས། འདོད་ཁམས་དབང་ཕྱུག་དཔལ་ལྡན་དམག་ཟོར་གྱི་རྒྱལ་མོ་ལ། "རྒྱ་གར་ཡུལ་ན་བཞུགས་ཙ་ན། །མ་མོ་ཝ་ཤྃ་ཀུ་རུ་མ། །ཧོར་གྱི་ཡུལ་ན་བཞུགས་ཙ་ན། །ཧོར་མོ་གཉན་གྱི་སྤུན་དགུའི་གཙོ། །མོན་གྱི་ཡུལ་ན་བཞུགས་ཙ་ན། །མོན་མོ་སྤྱི་རིང་ལན་བྲན་མ། །རྒྱ་ནག་ཡུལ་ན་བཞུགས་ཙ་ན། །རྒྱ་མོ་སྔོན་མོ་མགྲིན་བཟང་མ། །" ཞེས་སོགས་དང་། གཞན་ཡང་གནས་ཡུལ་ཤར་ལྷོ་ནུབ་བྱང་སྟེང་འོག་ཕྱོགས་མཚམས་ཀྱི་མིང་ལྷ་དང་འབྲེལ་ནས་བཏགས་པ། བསྐང་གསོ་ལས། "སྟེང་གི་ཚངས་པ་ངང་ཞུར་ཆིབས། །ཤར་ཕྱོགས་བརྒྱ་བྱིན་གླང་ལ་ཆིབས། །ཤར་ལྷོར་མེ་ལྷ་ར་སྐྱེས་ཆིབས། །ལྷོ་ཕྱོགས་གཤིན་རྗེ་མ་ཧེ་ཆིབས། །ལྷོ་ནུབ་སྲིན་པོ་རོ་ལངས་ཆིབས། །ནུབ་ཕྱོགས་ཆུ་ལྷ་ཆུ་སྲིན་ཆིབས། །ནུབ་བྱང་རླུང་ལྷ་ཤྭ་བ་ཆིབས། །བྱང་ཕྱོགས་གནོད་སྦྱིན་རྟ་ལ་ཆིབས། །བྱང་ཤར་དབང་ལྡན་གླང་ལ་ཆིབས། །འོག་གི་ས་བདག་ཕག་ལ་ཆིབས།" །ཞེས་དང། །དེ་བཞིན་འབྱུང་བ་བཞི་ལ་གནས་པའི་ལྷ་ལ། ས་ལྷ་དང་། ཆུ་ལྷ། མེ་ལྷ། རླུང་ལྷ། ཞེས་དང་། ལུས་ལ་གནས་པས་ལུས་ལྷ། ཐབ་ལ་གནས་པས་ཐབ་ལྷ། ཞེས་སོགས་གྲངས་ལས་འདས་པ་ཡོད་པ་རྣམས་གནས་ཡུལ་གྱི་མིང་དང་འབྲེལ་ནས་བཏགས་པ་ལས། ལྷ་མིང་ཡུལ་ལ་བཏགས་པ་མ་ཡིན་ནོ། །
འདི་རྣམས་ལྷ་མིང་ཡུལ་ལ་བཏགས་པ་ཡིན་ཟེར་ན། ཤར་ལྷོ་ནུབ་བྱང་དང་། འབྱུང་བ་བཞི་སོགས་ལྷ་མིང་ཡིན་ཟེར་དགོས་ལ། དེ་ལྟར་ན། "གནའ་རབས་ནས་བཏགས་པའི་མིང་ཞིག་ཡིན་ན་རྒྱུ་མཚན་གང་ཡང་འགྲེལ་རྒྱུ་མེད་པ་ནི། དཔེར་ན། ས་ཆུ་མེ་རླུང་དང་། རི། ཁང་པ། ཉི་མ། ཟླ་བ། རྟ་ནོར་ལུག་ལ་སོགས་པ་ལྟ་བུའོ།" ཞེས་ས་ཆུ་མེ་རླུང་སོགས་འདོད་རྒྱལ་གྱི་མིང་ཡིན་ཟེར་བ་ནང་འགལ་ལོ།།
འགའ་ཞིག་གིས། "ནག་ལྷ་ཞེས་པའི་མིང་དེ་འདོད་རྒྱལ་དང་རྗེས་གྲུབ་ཀྱི་མིང་གང་ཞིག་ཡིན་ཞེ་ན། དེ་ནི་འདོད་རྒྱལ་གྱི་མིང་ཞིག་ཡིན་པར་བདག་གིས་སེམས། དཔེར་ན། ཁོང་དང་དུས་མཉམ་ཡིན་པའི་ཡབ་འོ་དེ་གུང་རྒྱལ་དང་། ཨ་ཁུ་ཡབ་ལྷ་བརྡལ་དྲུག །ཨ་མྱེ་སྟག་ཆ་ཡལ་ཡོལ། སྲིད་པ་ཆགས་པའི་ལྷ་དགུ་ལ་སོགས་པར་བཏགས་པའི་མིང་ལ་རྗེས་གྲུབ་ཀྱི་རྒྱུ་མཚན་གང་ཡང་འགྲེལ་རྒྱུ་མེད་པ་ལྟ་བུའོ། །ཞེས་འདོད་རྒྱལ་གྱི་མིང་ཞིག་ཡིན་པར་བདག་གིས་སེམས།" ཞེས་གསུངས་ན། གོང་གི་ལྷ་དེ་དག་བཏགས་པའི་མིང་ལ་རྗེས་གྲུབ་ཀྱི་རྒྱུ་མཚན་གང་ཡང་འགྲེལ་རྒྱུ་མེད་ཟེར་བ་མི་རིགས་ཏེ། ཨ་ཁུ་ཡབ་ལྷ་བརྡལ་དྲུག །ཨ་མྱེ་སྟག་ཆ་ཡལ་ཡོལ་ཞེས་པའི་ཚིག་འདི་ཙམ་གྱི་ངོ་གདོང་ལས་འདྲ་འབྲེལ་གང་རུང་རྒྱུ་མཚན་དུ་བྱས་ནས་བཏགས་པ་ཤིན་ཏུ་གསལ་འདུག །སྤྱི་ཨ་ཁུ་དང་ཨ་མྱེ་ཞེས་པ་འདོད་རྒྱལ་ཡིན་དུ་ཆུག་ཀྱང་གང་ཟག་ག་གེ་མོ་ལ་སྦྱོར་ཚེ་བུ་རབས་ཚ་རྒྱུད་ལ་ལྟོས་ནས་འདྲ་འབྲེལ་གང་རུང་རྒྱུ་མཚན་དུ་བྱས་ནས་བཏགས་པ་ཞིག་ཡིན་དགོས། ཨ་ཁུ་ནི་ཕའི་སྤུན་མཆེད་དེ། དཔེར་ན། ཨ་ཁུ་རྒན་པ། ཨ་ཁུ་གཞོན་པ་ལྟ་བུ། མིང་གི་རྣམ་གྲངས་ལ་ཁུ་བོ་དང༌། ཕ་ཡི་སྤུན་མཆེད་ཅེས་ཟེར། ཨ་མྱེ་ནི་ཕའི་ཕ་དང༌། མའི་ཕ་ལ་གོ་གི་ཡོད་པ་འཇིག་རྟེན་ཡོངས་གྲགས་ཡིན། བོད་ཀྱི་ཤེས་རིག་རྨང་གཞི་ཚོགས་ཆུང་ནས་བསྒྲིགས་པའི་གངས་ལྗོངས་ཚིག་མཛོད་ཆེན་མོ་ལས། "ཡབ་ལྷ་བརྡལ་དྲུག་གི་སྲས་ལྷ་རབས་མཆེད་བདུན། ༡ ལྷ་རོང་རྩོལ་པོ། ༢ ཁྲི་བ་སྟག་གཟིག ༣ཐེན་ཚོ་ཟོ་འབྲལ་བཅས་གཅེན་གསུམ། ༤ལྷེའུ་རྗེ་གུང་བཙན། ༥ ལྷེའུ་རྗེ་ཡང་བཙན། ༦ ལྷེའུ་རྗེ་ཟིན་བཙན་གསུམ་སྟེ་གཅུང་གསུམ། ༧ བར་གྱི་རྗེ་ཁྲི་ནེ་རྒྱལ་བ་བཅས་སོ།།"ཞེས་གསུངས་པ་འདི་ལས་བུ་རབས་ཚ་རྒྱུད་མང་པོ་ཡོད་པ་གསལ་བ་བཞིན། བུ་རབས་ཚ་རྒྱུད་ལ་ལྟོས་ནས་འདྲ་འབྲེལ་གང་རུང་རྒྱུ་མཚན་དུ་བྱས་ཏེ་ཨ་ཁུ་དང་ཨ་མྱེ་ཞེས་བཏགས་པ་ཤིན་ཏུ་གསལ། གཞན་སྲིད་པ་ཆགས་པའི་ལྷ་དགུའི་ཁོངས་ཀྱི་ཡར་ལྷ་ཤམ་པོ་དང་། ལྷོ་བྲག་ཤེའུ་མཁའ་རི། སྒ་སྟོད་ཇོ་བོ། དྭགས་ལྷ་སྒམ་པོ། གཉན་ཆེན་ཐང་ལྷ་སོགས་ཡུལ་མིང་ལྷ་ལ་བཏགས་པའི་རྗེས་གྲུབ་ཀྱི་མིང་ཞིག་ཡིན་པ་གོང་དུ་བཤད་ཟིན་པས། གོང་གི་སྲིད་པ་ཆགས་པའི་ལྷ་དགུ་ལ་སོགས་པར་བཏགས་པའི་མིང་ལ་རྗེས་གྲུབ་ཀྱི་རྒྱུ་མཚན་གང་ཡང་འགྲེལ་རྒྱུ་མེད་པ་ལྟ་བུའོ། ཞེས་པའི་མཚུངས་དཔེ་འདི་དག་གིས་ངེས་ཚིིག་རྒྱས་པར་བཤད་དུ་ཡོད་པའི་ནགས་ལྷ་ཞེས་པའི་མིང་དེ་འདོད་རྒྱལ་ཡིན་པ་སྒྲུབ་ཏུ་མི་གཏུབ་བོ།།
གཞན་ཡང་ནགས་ལྷ་ཞེས་པ་འདི་ནགས་ཤོང་ཡུལ་དུ་ཕེབས་རྗེས་སུ་ནགས་ཤོད་ཀྱི་ཡུལ་མིང་དང་འབྲེལ་ནས་བཏགས་པའི་རྗེས་གྲུབ་ཀྱི་མིང་ཞིག་ཡིན་པ་ལས་འདོད་རྒྱལ་གྱི་མིང་ཞིག་ཡིན་པར་འདོད་མི་རིགས་ཏེ། ནགས་ལྷ་ཛམ་བྷའི་མཚན་དངོས་དེ་འཛམ་བུའི་ལྷ་རྒོད་ཅེས་པ་དེ་ཡིན། དེ་ཡང་ཁྱབ་བདག་སྟག་ཕུ་པས་མཛད་པའི་ནགས་ལྷའི་བསང་ཡིག་བྲིས་མ་ལས། ཀྱཻ། སྲིད་པས་བསྐོར་པའི་ལྷ་ཆེན་གུང་རྒྱལ་དང་། བདུད་རྩིའི་སྨན་ཅིག་འདུས་པའི་སྲས་ཀྱི་མཆོག། སྐུ་ལྷ་ཡོ་བྱེད་ཞེས་གྲགས་སྨུག་འཛིན་རྗེ། འཛམ་བུའི་ལྷ་རྒོད་གཉན་པོ་ཁྱོད་ལ་བསྟོད། ཅེས་དང་། གཟའ་དང་རྒྱུ་སྐར་ཝེར་མ་ལྷ་ཀླུ་སོགས། ལྷ་སྲིན་སྡེ་བརྒྱད་དམག་དཔུང་གྲངས་མེད་བསྐོར། ཞིང་བཅུའི་དགྲ་བགེགས་ཀུན་གྱི་གཤེད་གྱུར་པ། དྲག་བྱེད་འཛམ་བུའི་ལྷ་རྒོད་ཁྱོད་ལ་བསྟོད། ཅེས་དང་། འཛམ་བུའི་ལྷ་རྒོད་ཆེན་པོའི་ཐུགས་རྒྱུད་ནས། ཟག་མེད་དགྱེས་པ་བསྐྱེད་བྱེད་བཙུན་མོ་མཆོག།།ཅེས་དང་། འཛམ་བུའི་ལྷ་རྒོད་ཉིད་དང་ཆབས་ཅིག་པ། སངས་རྒྱས་བསྟན་པ་སྐྱོང་བའི་བྱ་ར་བ། ཞེས་དང་། འཛམ་བུའི་ལྷ་རྒོད་ཉིད་ཀྱི་བཀའ་བཞིན་དུ། དར་འཛིན་ལས་མཛད་ཇོ་བོ་རྣམ་བཞི་ནི། ཞེས་དང་། འཛམ་བུའི་ལྷ་རྒོད་ནགས་ལྷ་ཛམྦྷ་ཡི། གཡས་གཡོན་མདུན་རྒྱབ་རུ་འདྲེན་ལས་མཛད་པ། རྒྱ་ཚ་བྲག་དཀར་གཡུ་ཡི་ཐོར་ཚུགས་ཅན། དུང་གིས་མདོག་ཅན་བྲག་དཀར་གཡུ་ཞུར་ཆིབས། །ཞེས་དང་། འཛམ་བུའི་ལྷ་རྒོད་སྐུ་ལྷ་ཡོ་བྱེད་ཀྱི། །འཁོར་དུ་གྱུར་པའི་འཚོ་བྱེད་རྣམ་པ་བཞི། །ཞེས་དང་། ཀྱཻ། འཛམ་བུའི་ལྷ་རྒོད་གང་གི་བཀའ་བཞིན་དུ། །ནང་གི་ལས་བྱེད་ཆེན་པོ་རྣམ་པ་གསུམ། གོ་འཛིན་ལས་བྱེད་ཇོ་རྨོག་ལྷ་རི་ནི། །སྐུ་མདོག་སྔོན་པོ་ལྕགས་ཀྱི་གོ་ཁྲབ་ཅན། །ཞེས་གསུངས་པ་བཞིན། ནགས་ལྷ་ཛམ་བྷའི་མཚན་དངོས་དེ་འཛམ་བུའི་ལྷ་རྒོད་དང་། ངོ་བོ་གནོད་སྦྱིན་དང་། རིགས་རྒྱུད་གཉན་སྲས་ཡིན། མདོ་ཁམས་ཤོད་ཆེན་བཅོ་བརྒྱད་ཀྱི་ནང་ཚན་སྦས་ཡུལ་ནགས་ཀྱི་སྐྱེད་ཚལ་ན་ལྷ་རི་གཉན་པོ་ལ་གནས་བཅས་ཏེ་ནགས་ཤོད་ཡུལ་གྱི་གནས་སྲུང་མཛད་ནས་བོད་ཀྱི་ཡུལ་ལྷ་གཞན་དང་མཚུངས་པ་ཡུལ་མིང་ཡུལ་ལྷ་ལ་ཐོགས་པ་ནགས་ལྷ་ཞེས་འབོད་དོ།།
ཡང་འགའ་ཞིག་གིས། "ནགས་ཤོད་ཅེས་པ་ཆུའི་མིང་ཡུལ་མིང་ལ་བཏགས་པ་ཡིན། དེ་ཡང་། དབུ་ནག་མི་བུ་འདྲ་ཆགས་ལས། ས་བཅད་ཡུལ་བགོས་སྲིད་པས་བྱས། །ཡུལ་མཚམས་ཐམས་ཅད་ཆུ་ཡིས་ཕྱེ། །ཡུལ་རེར་ཆུ་རེ་མིང་རེ་བཏགས། །ཞེས་གནའ་དུས་སུ་ཆུ་ཡི་མིང་ཡུལ་མིང་དུ་གྲུབ་པའི་སྲོལ་ཞིག་ཡོད་པ་བཞིན་ང་ཚོའི་ཡུལ་མིང་ནག་ཤོད་ཅེས་པ་དེ་ཡང་ལུགས་དེ་ལས་དར་བ་སྨྲ་མི་དགོས་ཤིང་།" ཞེས་དབུ་ནག་མི་བུ་འདྲ་ཆགས་ཀྱི་ལུང་ཁུངས་སུ་དྲངས་འདུག་ཀྱང། ལུང་དོན་ཇི་བཞིན་མ་ལོན་པ་ཡིན་ཏེ། ལུང་འདིས་ཡུལ་རེ་ལ་མིང་རེ་དང་། ཡུལ་དེ་ལས་འབབ་པའི་ཆུ་རེ་ལ་མིང་རེ་བཏགས་ཞེས་པ་ཡིན་གྱི། ཡུལ་རེ་ལ་ཆུ་རེའི་མིང་གིས་བཏགས་ཞེས་པའི་དོན་མ་ཡིན་ཏེ། དཔེར་ན། མདོ་ཁམས་ཆུ་བཞི་སྒང་དྲུག་ཅེས་གྲགས་པའི་མདོ་ཁམས་ཀྱི་ཆུ་ཆེན་བཞིའི་མིང་ཐོགས་སྟངས་ལས་གསལ་བར་ཤེས་ནུས་ཏེ། དེ་ཡང་ཆུ་ཆེན་དང་པོ། རྒྱལ་མོ་དངུལ་ཆུ། འདི་ལ་བཤད་ཚུལ་མི་འདྲ་བ་ཡོད་པ་ལས་མདོ་ཁམས་ནགས་ཤོད་འབྲི་རུའི་སྟོད་ཟླ་ཐང་ཡུལ་ཚོའི་ཁོངས་དངུལ་སོ་ལུང་ནས་འབབ་པའི་ཆུ་དང་འདྲེས་ནས་དངུལ་ཆུ་ཞེས་འབོད་པ་དང་། ཡང་དངུལ་མོ་རོང་ནས་འབབ་པས་དངུལ་ཆུ་ཞེས་གྲགས། ཆུ་ཆེན་གཉིས་པ། ཆབ་མདོའི་ཡིག་ཚང་རིན་ཆེན་སྤུངས་པ་ལས། "རྫ་ཆུའམ་ཟླ་ཆུ་ཞེས་པ་ནི་ཆུ་སྟོད་དགེ་རྒྱས་རྫ་དཀར་པོ་ནས་འབབ་ཅིང་། ཆུ་མགོ་༸གོང་ས་ལྔ་པ་ཆེན་པོས་ལྷ་བསང་བཀྲ་ཤིས་འཁྱིལ་མ་གསུངས་པས་ཕྱིས་སུ་བཀྲ་ཤིས་འཁྱིལ་ཆུ་ཞེས་མིང་དུ་ཆགས་པ་དང་། ཡང་རྫ་དམར་པོའི་མཁར་སྒང་ལ་ནས་འབབ་པའི་ཆུ་ལ་རྫ་སྲིབ་ཀྱི་ཆུ་དང་། རྫ་ནག་ཧོར་པོ་འབྲུག་ལྡིར་ནས་འབབ་པའི་ཆུ་ལ་རྫ་ནག་ཆུ་ཞེས་རྫ་དཀར་དམར་ནག་གསུམ་གྱི་སུམ་མདོར་འདུས་པའི་ཆུ་ཡིན་པས་ན་རྫ་ཆུ་ཞེས་གྲགས་པའམ། རྫ་ཡི་རྒྱལ་པོ་གོ་ཁྱུང་ཕྲུག་རི་རྒྱུད་ཀྱི་ཆུ་ཡིན་པས་ན་རྫ་ཆུ་ཞེས་ཟེར། ཞེས་དང་། ཆུ་ཆེན་གསུམ་པ། འབྲི་ཆུ་སེ་བོ་ཟེར་ཞིང་གསེར་ལྡན་གྱི་ཆུ་བོ་ཞེས་ཀྱང་གྲགས་པ་འདི་ནི་གདང་ལའི་བྱང་ཤར་འབྲིའི་ཐུར་མགོ་ལ་ཞེས་པའི་རི་བོ་འབྲི་འདྲ་བའི་སྣ་ཁུང་གཡས་གཡོན་ནས་ཆུ་རེ་འབབ་པ་དེ་གཉིས་འདུས་པས་ན་འབྲི་ཆུ་ཞེས་མིང་དུ་གྲགས། ཞེས་དང་། ཆུ་ཆེན་བཞི་པ། རྨ་ཆུ་ལེབ་མོ་ཞེས་པ་ནི། རྨ་ཡུལ་ཡིད་ཀྱི་དཀྱིལ་འཁོར། རྨ་སྟོད་ཟས་ཀྱི་འགོ་མ། རྨ་ཟད་ཟད་ཡག་དང་ཡུག་ནས་ཟད། ཟེར་བ་ལྟར། ཡག་ལྷ་སྟག་ཚེའི་ཆུ། ཡུག་གི་ཆུ། བ་རིས་ཆུ་གསུམ་དང་། རྨ་སྟོད་མཚོ་སྔོ་རེངས་ཀྱི་ཆུ་འདབས་མཚོ་སྐྱ་རེངས་ལ་འདུས་ཏེ་རྨ་ཁོག་ནས་འབབ་པའི་ཆུ་ལ་རྨ་ཆུ་གྲགས།" ཞེས་གསལ་ལ།
དེ་བཞིན་བོད་གང་ལྗོངས་སུ་ཡོངས་གྲགས་ཆེ་བའི་ཡར་ཀླུང་གཙང་པོ་ཞེས་པ་འདིའང་ཡུལ་མིང་ཆུ་ལ་ཐོགས་པ་ལས་ཆུ་མིང་ཡུལ་ལ་ཐོགས་པ་མ་ཡིན་ཏེ། འདི་ཐོག་མར་སྟོད་མངའ་རིས་གངས་མཚོའི་ཤར་ཕྱོགས་བྱེ་མ་གཡུང་དྲུང་གི་ཕུ་ཨབ་སྲིའི་རྒྱབ་ཀྱི་བྲག་རྟ་མཆོག་འདྲ་བའི་ཁ་ནས་ཐོན་ཏེ། མངའ་རིས་ས་ཁོངས་སྤུ་ཧྲེང་དང༌། ས་དགའ། ངམ་རིང༌། ལྷ་རྩེ། བཞད་མཐོང་སྨོན། གཞིས་ཀ་རྩེ། ལྕགས་ཟམ་ཆུ་བོ་རིར་ལྷ་སའི་སྐྱིད་ཆུ་དང་འདྲེས་ནས་ལྷོ་ཁ་སྣེ་གདོང་རྫོང་ཁོངས་ཡར་ལུང་གི་ཆུ་དང་འདྲེས་ནས་ཡར་ཀླུང་གཙང་པོར་འབོད། དེར་བརྟེན་ཡར་ཀླུང་ཞེས་པའི་ཡུལ་མིང་ཆུ་ལ་ཐོགས་པ་ཞིག་ཡིན། དེ་ཡང་། བོད་རྒྱ་ཚིག་མཛོད་ཆེན་མོ་ལས། "ཡར་ཀླུངས་གཙང་པོ། བོད་དུ་ཡོད་པའི་གཙང་པོ་ཆེ་ཤོས་ཤིག་གི་མིང༌། གཙང་པོ་དེ་མངའ་རིས་ས་ཁུལ་ཁོངས་སྤུ་ཧྲེང་རྫོང་གི་མཚོ་མ་ཕམ་ཤར་རྒྱུད་ནས་འབབ་ཅིང༌། གཙང་པོ་དེའི་སྟོད་རྒྱུད་ལ་རྟ་མཆོག་ཁ་འབབ་ཟེར། དེ་ནས་གཙང་གི་ས་ཆ་བརྒྱུད་ལྷོ་ཁ་ས་ཁུལ་ཁོངས་སྣེ་གདོང་རྫོང་གི་ཡར་ཀླུངས་ཡུལ་དུ་འབབ་སྐབས་ཡར་ཀླུངས་གཙང་པོ་ཟེར།" ཞེས་གསལ། འདི་འདྲ་བ་གྲངས་ལས་འདས་པ་ཞིག་ཡོད། གཞན་ཡང་རིགས་འདྲའི་གནོད་བྱེད་ཆར་བཞིན་འབབ་སྟེ། རི་ཆུ་ལ་བརྟེན་ནས་རི་དང་། བྲག་ཆུ་ལ་བརྟེན་ནས་བྲག ཁང་པའི་ཐོག་ཆུ་ལ་བརྟེན་ནས་ཁང་པའི་ཐོག །ཝ་ཆུ་ལ་བརྟེན་ནས་ཝ་ཁ། ཀོ་ཆུ་ལ་བརྟེན་ནས་ཀོ་མོག །མིག་ཆུ་ལ་བརྟེན་ནས་མིག །ཁ་ཆུ་ལ་བརྟེན་ནས་ཁ། སྣ་ཆུ་ལ་བརྟེན་ནས་སྣ་སོགས་རི་དང་། བྲག ཁང་པའི་ཐོག །ཝ་ཁ། ཀོ་མོག །མིག ཁ། སྣ་ལ་སོགས་པ་ཆུ་མིང་ཡུལ་ལ་ཐོགས་པ་ཡིིན་ཟེར་དགོས་པ་སོགས་གནོད་བྱེད་མཐའ་ཡས་སོ།།
འགའ་ཞིག་གིས། "ནགས་ཤོད་ཅེས་པའི་ནགས་འདི་ནགས་ཚལ་གྱི་ནགས་ལ་གོ་སླ་བས་ནགས་ཚལ་སྟུག་པོའི་རྒྱུད་ན་གནས་པས་ནགས་ཤོད་ཅེས་བཏགས་པ་ཡིན་ཞེས་པར་སྣང་བས་གྲུབ་པ་ལས། ཤ་ཟིན་སྤུ་ཟིན་གྱིས་བསྒྲུབ་མི་ཐུབ་པ་ནི་བཟློག་ཏུ་མེད་པའི་བདེན་ལུགས་ཤིག་རེད། ནང་སྒོས་སུ་རི་རྒྱལ་ནག་ལྷ་ཛམ་པའི་ནག་ལ་ནག་ཤོད་ལོ་རྒྱུས་སྨྲ་བ་རི་དབང་བསྟན་འཛིན་སོགས་ཀྱིས་ཡང་འཇུག་བྲིས་མི་འདུག་མོད། སྟག་ཕུའི་ཨར་གཞས་ནང་དུ་ཡང་འཇུག་སྦྱར་ཡོད་པ་དང་། ད་ལྟའི་ཆར་མང་ཆེ་བས་ཡང་འཇུག་འབྲི་སྲོལ་ཞིག་དར་ཡོང་བ་འདི་ལ་རྒྱུ་མཚན་མཆིས་པ་མ་རེད། དེར་ཡང་འཇུག་སྦྱར་ནས་འགྲེལ་བ་ལྟར་ནའང་གོང་གི་རིགས་པ་ཉི་ཚེ་བ་དེས་བསྒྲུབ་ཐུབ་ནའང་མཐའ་མི་ཆོད་པ་ནི་རི་རྒྱལ་ནག་ལྷ་ཛམ་བྷ་ནགས་རི་ཞིག་མིན་པས་ནགས་རིའི་རི་རྒྱལ་ཞེས་རིགས་འགལ་བའི་སྐྱོན་བྱུང་བ་མངོན་སུམ་ཚད་མས་གྲུབ་པ་ཡིན།" ཞེས་པ་འདི་ལྟག་ཆོད་འབའ་ཞིག་ཡིན་ཏེ། ཇི་ལྟར་འགྱུར་ན། ཆུ་འགོ་སྐྱ་ནག་མཚོ་ལས་བཞུར་བའི་ཆུ་རྒྱུན་གང་དེར་ནག་ཆུར་བཏགས་པ་ད་ལྟའི་ཆུ་མིང་དང་ས་ཆ་གཉིས་ཀའི་མིང་ཆགས་ཡོད་ཅེས་པར་སྣང་བས་གྲུབ་པ་ལས། ཤ་ཟིན་སྤུ་ཟིན་གྱིས་བསྒྲུབ་མི་ཐུབ་པ་ནི་བཟློག་ཏུ་མེད་པའི་བདེན་ལུགས་ཤིག་རེད། ནང་སྒོས་སུ་རི་རྒྱལ་ནགས་ལྷ་ཛམ་པའི་ནགས་ལ་སྟག་ཕུའི་ཨར་གཞས་སུ་ཡང་འཇུག་སྦྱར་ཡོད་པ་དང་། ད་ཆར་ཡང་ཟོལ་མེད་ལྷག་བསམ་གྱིས་ཕྱུག་པའི་རང་རིགས་འགའ་ཤས་ཀྱིས་ཡང་འཇུག་མེད་པ་བྲིས་ཡོང་བ་འདི་ལ་རྒྱུ་མཚན་ཡོད་པ་མ་རེད། དེར་ཡང་འཇུག་མ་སྦྱར་ནས་འགྲེལ་བ་ལྟར་ནའང་གོང་གིས་རིགས་པ་ཉི་ཚེ་བ་དེས་བསྒྲུབ་ཐུབ་ནའང་མཐའ་མི་ཆོད་པ་ནི་རི་རྒྱལ་ནགས་ལྷ་ཛམ་བྷ་ཆུ་ནག་གི་རི་རྒྱལ་ཞིག་མིན་པས་རིགས་འགལ་བའི་སྐྱོན་བྱུང་བ་གཞན་ལ་སྨྲས་པའི་ཉེས་པ་དེ་རང་ཉིད་ལ་ཡང་ལྡོག་ཏུ་མེད་དོ།།
འགའ་ཞིག་གིས། "ནགས་ཤོད་ཅེས་པའི་ནགས་འདི་ཡིག་ནོར་རེད་ཟེར།" འདི་ལ་དཔྱོད་ཤེས་ལྡན་པ་འགས་ཡིག་ནོར་ཡིན་མིན་གྱི་ཚད་གང་ཞིག་ལ་འཛིན་དགོས་གསུངས་པ་ལྟར། ཡིག་རིགས་གང་དང་གང་ཡིན་ཡང་ཡིག་ནོར་ཡིན་མིན་ཚད་འཛིན་སའི་གཞི་ཞིག་ངེས་པར་ཡོད་དགོས། སྤྱི་འགྲོས་ལྟར་བོད་ཀྱི་ཡི་གེ་ལ་ཡིག་ནོར་ཡིན་མིན་བོད་ཀྱི་མིང་བརྡ་ཐ་སྙད་རྣམས་ཇི་བཞིན་གོ་བར་བྱེད་པའམ། མ་ནོར་བར་སྟོན་པར་བྱེད་པའི་གཞུང༌། དཔེར་ན། སུམ་རྟགས་དག་གསུམ་ལྟ་བུ་ལ་འཛིན་གྱི་ཡོད་ན། བོད་ཀྱི་བརྡ་སྤྲོད་བསྟན་བཅོས་ཀྱི་མ་ཕྱིའམ་རྩ་བ་ཐོན་མིའི་ལེགས་བཤད་སུམ་ཅུ་པའི་སྙིང་པོ་ལེགས་བཤད་ལྗོན་དབང་ལས། ད་དང་ས་གཉིས་ཡང་འཇུག་སྟེ། །ད་ནི་ན་ར་ལ་གསུམ་དང་། །ས་ནི་ག་ང་བ་མར་འཐོབ། །ཅེས་གསུངས་པ་བཞིན། རྗེས་འཇུག་ན་ར་ལ་གསུམ་གྱི་མཐར་འཐོབ་པའི་ད་དྲག་དང༌། རྗེས་འཇུག་ག་ང་བ་མའི་མཐར་འཐོབ་པའི་ས་ཡིག་གཉིས་ཡོད་པ་ལས། །ན་ར་ལ་གསུམ་གྱི་མཐར་འཐོབ་པའི་ད་དྲག་ནི། རབ་བྱུང་དང་པོའི་འགོ་མ་བཙུགས་པའི་གོང་གི་ལོ་ཉིས་བརྒྱ་བཅུ་མེད་གཅིག་བརྩིས་པའི་མེ་སྤྲེལ་ལོར་རྒྱལ་པོ་ཁྲི་རལ་པ་ཅན་གྱིས་ཡིག་ཟོར་ཡང་པོ་བཟོ་ཆེད་ད་དྲག་འབྲི་མི་དགོས་པར་གཏན་འབེབས་བཀས་བཅད་མཛད་ཡོད་ཀྱང་བྲིས་ཀྱང་ཡིག་ནོར་ལ་བརྩི་མི་རུང་སྟེ། ས་པཎ་ཀུན་དགའ་རྒྱལ་མཚན་གྱི་དག་ཡིག་ཉེར་མཁོ་བསྡུས་པ་སྡེབ་སྦྱོར་ཡིད་བཞིན་ནོར་བུ་ལས། "ན་ར་ལ་གསུམ་རྗེས་སུ་ནི། ། (ཕྱིནད། གྱུརད། རོལད། ) སྒྲ་སྒྱུར་སྔ་མས་(སྐ་བ་དཔལ་བརྩེགས་ལ་སོགས་པ་)ད་དྲག་བཞེད། །དེ་ལ་ཅིང་ཅེས་ཅིག་འཐོབ་ཀྱང་། །ཕྱི་མ་ (རྔོག་ལོ་དཔང་ལོ་ལ་སོགས་པ་) རྣམས་ཀྱིས་ད་དྲག་དོར། །འོན་ཀྱང་དེ་ལ་ཤན་འདྲ་བ། །འགའ་ཡོད་པ་ཡང་བཤད་ཀྱིས་ཉོན། །"ཞེས་གསུང་པའི་ཕྱིར། ས་ནི་བཙན་པོའི་བཀས་བཅད་ཀྱི་རྒྱ་ལས་བརྒལ་ཏེ་གནའ་ནས་ད་བར་ག་ང་བ་མའི་མཐར་ཐོབ་ཐང་བཞིན་འབྲི་བའི་སྲོལ་ལུགས་མ་ཉམས་པ་གནས་པས། ནགས་ཀྱི་རྗེས་འཇུག་ག་ལ་ཡང་འཇུག་ས་ཐོབ་ཐང་ཡོད་པར་བརྟེན་ཐོབ་ཐང་གི་ཆ་ནས་ཡིག་ནོར་ལ་བརྩི་མི་རིགས་སོ།།
ཡང་ན་ནགས་ཤོད་འཁོད་པའི་རྒྱལ་རབས་དང་ཆོས་འབྱུང་ལ་གཞི་བཟུང་ནས་ནགས་ཤོད་ཅེས་པའི་ནགས་འདི་ཡིག་ནོར་རེད་ཟེར་ན། ཆེས་གནའ་བོའི་ཡིག་རྙིང་ཀུན་གྱིས་ཚད་འཛིན་བྱེད་ས། ཆོས་རྒྱལ་སྲོང་བཙན་སྒམ་པོས་མཛད་པའི་བཀའ་ཆེམས་ཀ་ཁོལ་མ་དང་། མ་ནི་བཀའ་འབུམ །དགའ་ལྡན་ཆོས་འབྱུང་དཔག་བསམ་གྱི་སྡོང་བུ་མཁས་པ་དགྱེས་བྱེད། དགེ་ལྡན་ཆོས་འབྱུང་བཻཌཱུར་སེར་པོ། ནགས་ལྷ་ཛམ་བྷའི་བསང་ཡིག །ཆོས་འབྱུང་མཁས་པའི་དགའ་སྟོན། སྔ་འགྱུར་རྫོགས་ཆེན་ཆོས་འབྱུང་ཆེན་མོ། དེབ་ཐེར་སྔོན་པོ། བོད་སོག་ཆོས་འབྱུང༌། བོད་ཀྱི་ལོ་རྒྱུས་གཡུ་ཡི་ཕྲེང་བ་སོགས་ཚད་འཛིན་བྱ་འོས་པའི་བོད་ཀྱི་རྒྱལ་རབས་དང་ཆོས་འབྱུང་མང་མ་དྲགས་ནའང་། ཉུང་ནས་ལག་མ་འཛངས་པ་འདི་དག་ནང་འཁོད་པའི་ས་མཐའ་ཞུགས་པའི་ནགས་ཤོད་ཅེས་པ་འདི་ལོ་རྒྱུས་ཡིག་ཚང་ལ་གཞི་བཟུང་ན་ཡིག་ནོར་དུ་བརྩི་མི་རིགས་སོ།།
འགའ་ཞིག་གིས། "ནགས་ཤོད་ཅེས་པའི་ཡིག་ནོར་འདིས་ཕ་ཡུལ་ལ་གནོད་སྐྱོན་མི་འདུག་བསམ་ནས་སྣང་མེད་དུ་བཏང་བཞག་ནས་ཆོག་རུང་། ལོ་རྒྱུས་ལས་མཆེད་པའི་ཐ་སྙད་གང་དེས་ང་ཚོར་གུ་ཡངས་སུ་གཏོང་མི་སྲིད་"ཟེར་ན། འདི་ལ་མགོ་མཚུངས་ཀྱི་རིགས་པ་འདི་ལྟར་ཡོད་དེ། ལོ་རྒྱུས་ལས་མཆེད་པའི་ཐ་སྙད་འདིས་ང་ཚོ་གུ་ཡངས་གཏོང་མི་སྲིད་ཅེས་པའི་ལོ་རྒྱུས་ཀྱི་ཐ་སྙད་དེ་གང་ཞིག་ལ་ངོས་འཛིན་དགོས། ལོ་རྒྱུས་ལ་ལོ་ཟླ་རིམ་འདས་ཁྲོད་ཀྱི་གལ་འགངས་ཆེ་བའི་དོན་གནད་ཁག་ཕྱི་རབས་རྣམས་ལ་གོ་བྱེད་དུ་ཤོག་ངོས་སོགས་ལ་དབྱངས་གསལ་གྱི་ཡི་གེ་དང་། རི་མོའི་ཡི་གེ་ཅི་རིགས་སུ་བཀོད་པའི་ལོ་རྒྱུས་ཀྱི་གླེགས་བམ་དང་། ཆུ་བུམ་པ་གང་བརྒྱུད་དང་རྡོ་རིམ་པ་ལག་བརྒྱུད་ཀྱི་དཔེ་བཞིན་ངག་ནས་ངག་བརྒྱུད་དང་རྣ་ནས་རྣར་བརྒྱུད་པའི་ངག་རྒྱུན་ལ་གྲགས་པའི་གཏམ་རྒྱུད། ཡང་རྟོག་དཔྱོད་གཉིས་ཀྱི་ཟླས་ཕྱེ་བའི་རྟོག་པ་སྟེ། གཞན་འགྱུར་བཞིའི་ནང་གསེས། སེམས་པ་དང་ཤེས་རབ་ལ་བརྟེན་ནས་དམིགས་པའི་དངོས་པོའི་དོན་འོལ་སྤྱི་ཙམ་འཛིན་པ་རྩིང་བའི་རྣམ་པ་ཅན་གྱི་ཤེས་པས་བཏགས་པའི་བྱུང་རྒྱལ་གྱི་རྟོག་སྒྲུང་བཅས་ལོ་རྒྱུས་བཏགས་པ་བ་དང་གསུམ་ཡོད་པས། ཕྱི་མ་འདི་ལ་གཞི་འཛིན་ས་གང་ཡང་མེད་པར་བརྟེན་ལོ་རྒྱུས་སུ་བགྲང་རུང་བ་ཞིག་མིན་པས་འབྲེལ་ཅི་ཡང་མེད་དོ།།
དང་པོ་གཉིས་ལས་ཕྱི་མ་ལ་<ནག་> <ནགས་>གང་བརྗོད་ཀྱང་སྒྲ་སྦྱོར་ལ་བྱང་བའི་སྐྱེས་བུ་ཞིག་གིས་བརྟགས་ན་མ་གཏོགས་སྒྲ་གདངས་ཀྱི་ཐོག་ནས་ས་མཐའ་ཡོད་མེད་ཀྱི་རྣམ་དབྱེ་འབྱེད་དཀའ་བས་མཐར་གཏུགས་ན་ལོ་རྒྱུས་ཀྱི་གླེགས་བམ་ལ་ངོས་འཛིན་དགོས་པར་སེམས་སོ།།
ལོ་རྒྱུས་ཀྱི་ཡིག་ཆ་རེ་ཟུང་ནང་འཁོད་པའི་ས་མཐའ་མེད་པའི་ནག་འདི་མཆོག་ཏུ་དག་པར་རློམས་ནས་དབུལ་པོ་གཏེར་དང་འཕྲད་པ་ལྟར་ལོ་རྒྱུས་ལས་མཆེད་པའི་ཐ་སྙད་གང་དེས་ང་ཚོར་གུ་ཡངས་སུ་གཏོང་མི་སྲིད་ཟེར་ན། ནགས་ཤོད་ཅེས་པའི་ས་མཐའ་ཡོད་པ་འདི་དེ་བས་ཆེས་མང་བར་གནའ་བོའི་ཡིག་རྙིང་ཚད་ལྡན་དག་ཏུ་བཀོད་འདུག་པས་ལོ་རྒྱུས་ལས་མཆེད་པའི་ཐ་སྙད་འདིས་ང་ཚོར་དེ་བས་ཀྱང་གུ་ཡངས་གཏོང་ག་ལ་སྲིད། འདི་དག་གནས་སྐབས་ཀྱི་དགོས་མཁོ་དང་མཐར་ཐུག་གི་ཁེ་ཕན། དེ་བཞིན་གཞན་གྱི་གནོན་ཤུགས་དང་དབང་འོག་ཏུ་མ་སོང་པའི་ས་མཐའ་ཞུགས་པའི་ནགས་ཀྱི་བརྡ་དག་ཆེས་ངོ་མཚར་ཆེ་བ་འདི་ཉིད་ཀུན་གྱིས་གཅེས་པར་རིགས་སོ།།
འགའ་ཞིག་གིས། "ལོ་རྒྱུས་རིག་པ་རྟོག་ཞིབ་བགྱིད་སྟངས་ལྟར་ལུང་རིགས་གང་གིས་དེད་ཀྱང་ནག་ཤོད་ཀྱི་ནག་ལ་ཡང་འཇུག་སྦྱར་དགོས་པའི་རྒྱབ་ལྗོངས་མཐུག་པོ་ཞིག་ཡེ་ནས་མི་མངའ།་" ཞེས་ཟེར་ན།
འདིའི་ལུང་རིགས་ནི། རྒྱབ་བརྟེན་ཁུངས་སུ་གཏུག་འོས་པའི་ལོ་རྒྱུས་གླེགས་བམ་ཁྲོད་ཀྱི་ལུང་དང་རྟོག་དཔྱོད་ཀྱི་རིགས་པ་གཉིས་ལ་ལུང་རིགས་ཟེར་གྱི་ཡོད་ན། མ་མཐོང་བས་ན་མེད་པ་མིན། །ཞེས་པ་ལྟར། ཁུངས་ལྡན་ཡོངས་གྲགས་ཀྱི་རྒྱལ་རབས་དེབ་ཐེར་དང༌། ཆོས་འབྱུང༌། དེ་བཞིན་གསུང་འབུམ་ཁག་བཅས་མདོར་ན་བོད་བཙན་པོའི་རྒྱལ་རབས་ནས་དུས་ད་ལྟའི་བར་གྱི་མཁས་པའི་ལེགས་བཤད་ཚད་འཛིན་བྱ་འོས་པའི་ཤེས་བྱེད་ཀྱི་ལུང། ནགས་ཤོད་ཅེས་པའི་ནགས་ལ་ཡང་འཇུག་སྦྱར་དགོས་པའི་རྒྱབ་ལྗོངས་མཐུག་པོ་འདི་དང་འདི་ཡོད་ཅེས་འགའ་ཞིག་འདིར་དྲངས་ན།
དགའ་ལྡན་ཆོས་འབྱུང་དཔག་བསམ་གྱི་སྡོང་བུ་མཁས་པ་དགྱེས་བྱེད་ཅེས་བྱ་བ། ཡོངས་གྲགས་སུ་མཁར་ནག་ཆོས་འབྱུང་ཞེས་འབོད་པ། མཁར་ནག་ལོ་ཙཱ་བ་དཔལ་འབྱོར་རྒྱ་མཚོས་བརྩམས་པ་ལས། "རྗེའི་དངོས་སློབ་རྣམ་དཔྱོད་ཕུལ་དུ་བྱུང་བའི་མཁས་པ་ཆོས་དབང་གྲགས་པ་འདི་ཞང་ཞུང་གི་ཡུལ་མངའ་རིས་གུ་གེར་འཁྲུངས། དབུས་སུ་བྱོན་ནས། རྗེ་ཡབ་སྲས་བསྟེན་ནས་མཁས་པར་སྦྱངས་པས་མདོ་སྔགས་དང་ཁྱད་པར་དུ་སྙན་ངག་ལ་མཁས་པས། ལོ་ཆེན་རིན་ཆེན་བཟང་པོའི་རྟོགས་བརྗོད་དང་། རྗེ་ཡབ་སྲས་དང་། མི་ལའི་བསྟོད་པ་སོགས་མང་པོ་དང་། དུས་འཁོར་ཊིག་ཆེན་གྱི་འཕྲོ་ལུས་བརྩམས། ཁམས་ཆབ་མདོའི་བླ་མ་དང་། དེ་ནས་ནགས་ཤོད་མདའ་ཁྲི་རུ་དགོན་སྡེ་དང་ནགས་ཤོད་སྦུས་མདའ་བཏབ། དགུང་ལོ་རེ་བརྒྱད་པ་ལ་སྦུས་མདར་གཤེགས་སོ།།" ཞེས་གསལ། བོད་སོག་ཆོས་འབྱུང༌། ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན། གངས་ཅན་རིགས་བརྒྱའི་སྒོ་འབྱེད་ལྡེ་མིག་དེབ་ ༡༨ ཤོག་གྲངས། ༨༡༤ ཕྲེང༌། ༡༠ ལས། "ཁམས་སྟོད་ནགས་ཤོད་ཀྱི་སྦུས་མདའ་རྣམ་རྒྱལ་དཔལ་འབར་གླིང༌། རྒྱ་བཟའ་ཀོང་ཇོ་ཡར་བྱོན་དུས་བྱུང་བ་སྟར་སྨོས་ཆོས་འཁོར་གླིང༌། རབ་བརྟན་གླིང༌། ར་ཁྱིམ་དགའ་ལྡན་དར་རྒྱས། འབྲོང་ང་དགོན། ཤུགས་ཐང་རྣམ་རྒྱལ་ལྷ་རྩེ། སྟག་ལྡང་རི་བོ་དཔལ་འབར། གཡག་ཀྲབ་རི་བོ་མདངས་ལྡན། རྦ་ལག་དགོན་སོགས་བཞུགས།" ཞེས་གསུངས། ཞང་ཞུང་ཆོས་དབང་གྲགས་པའི་བསྟོད་ཚོགས། སངས་རྒྱས་འཁར་གྱིས་ལེགས་སྒྲིག་བྱས༌། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌། མཛད་པ་པོའི་རྣམ་ཐར་མདོར་བསྡུས་ཤོག་གྲངས། ༤ ཕྲེང༌། ༧ ལས། "ཁོང་ཉིད་ནགས་ཤོད་ཆོས་སྡིངས་ཀྱི་དགོན་པ་སྦྲུལ་མདའ་རྣམ་རྒྱལ་དཔལ་འབར་གླིང་གི་གདན་སར་ཕེབས་ནས་རྒྱུན་བཞུགས་ཀྱིས་འཆད་རྩོད་རྩོམ་གསུམ་གྱི་འཁོར་ལོས་བསྟན་འགྲོར་སྨན་པའི་འཕྲིན་ལས་རྒྱ་ཆེན་པོ་གནང་ཞིང༌། ཞྭ་སེར་ཅོད་པན་འཆང་བའི་རིང་ལུགས་ཕྱོགས་མཐར་སྤེལ་ནས་འཇམ་མགོན་རྒྱལ་བའི་བསྟན་པ་རིན་པོ་ཆེ་རྣམ་པར་རྒྱས་པ་ལ་ཕྱག་རྗེས་རྨད་དུ་བྱུང་བ་བཞག །དཔལ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་དྲི་མ་མེད་པའི་འོད་ཀྱི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པའི་རྗེས་སུ་འཇུག་པ་ཞེས་བྱ་བའི་བསྟན་བཅོས་ཀྱང་གདན་ས་དེ་གར་མཛད། དེ་བས་གདན་སའི་ཆ་ནས་ཁམས་ཕྱོགས་ཀྱི་མཁས་པ་རྣམས་ཀྱིས་ཁོང་ལ་ནགས་ཤོད་པ་ཆོས་དབང་གྲགས་པ་ཞེས་ཀྱང་འབོད།" ཅེས་གསལ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་དངོས་སློབ་རྣམ་དཔྱོད་ཕུལ་དུ་བྱུང་བའི་མཁས་པ་གཉིས་ཀྱི་ནང་ཚན། ལྗོངས་འདིའི་འགྲོ་བའི་མགོན་པོ་ཞང་ཞུང་པ་ཆོས་དབང་གྲགས་པས་མཛད་པའི་ "རྒྱལ་བ་རྡོ་རྗེ་འཆང་གི་ངོ་བོ་ཆོས་ཀྱི་རྗེ་མཁས་གྲུབ་དགེ་ལེགས་དཔལ་བཟང་པོའི་ཞལ་སྔ་ནས་ལ་གསོལ་བ་འདེབས་པའི་རབ་ཏུ་བྱེད་པ་དད་པའི་ཕོ་ཉ་ཞེས་བྱ་བའི་"མཛད་བྱང་དུ། "ཅེས་བྱ་བ་ནི་སྡོམ་བརྩོན་སྡེ་སྣོད་འཛིན་པ་མང་པོས་བསྐུལ་བའི་དོན་དུ། ཤེས་བྱའི་གནས་ཕལ་མོ་ཆེ་ཁོང་དུ་ཆུད་པའི་དགེ་སློང་ཞང་ཞུང་ཆོས་དབང་གྲགས་པའི་དཔལ་གྱིས་ནགས་ཤོད་རྣམ་རྒྱལ་དཔལ་འབར་ཞེས་བྱ་བར་སྦྱར་བའོ།" ཞེས་གསལ། ནགས་ལྷ་ཛམ་བྷའི་བསང་ཡིག །ནགས་ཤོད་སྟག་ཕུ། དཔེ་ཐུང་བྲིས་མ་ཤོག་གྲངས། ༡༥ ཕྲེང༌། ༢ ལས། "མདོ་སྟོད་ཤོད་ཆེན་བཅོ་བརྒྱད་ཡང་རྩེ་ན། །དགེ་མཚན་ལྡན་པའི་ནགས་ཤོད་སྨན་ལྗོངས་སུ། །"ཞེས་དང༌། ཡང་ཁྱབ་བདག་སྟག་ཕུ་པ་ཆེན་པོ་པདྨ་བཛྲ་གྱི་གསུང་ཨར་གཞས། དཔེ་རིང་ཤོག་གྲངས། ༦ ཕྲེང༌། ༤ ལས །"མདོ་སྟོད་ཤོད་ཆེན་བཅོ་བརྒྱད། །ཡང་རྩེ་ཨོ་རྒྱན་ཆེན་པོས། །སྦས་ཡུལ་ལུང་གསུམ་སྨན་ལྗོངས། །རོ་མ་རྒྱལ་གྱི་རྒྱལ་ཤོད། །རྐྱང་མ་སོག་གི་སོག་ཤོད། །དབུ་མ་ནགས་ཀྱི་ནགས་ཤོད། །"ཅེས་གསུངས། རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ། མཁས་པ་ལྡེའུ། བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་། བོད་ཀྱི་གཙུག་ལག་གཅེས་བཏུས་པོད་ཕྲེང་། ༢༢ཤོག་ངོས། ༡༧༢ ཕྲེང་༡༧ "བར་གྱི་དཔའ་སྡེ་ནི། རི་སྤེན་མ་ལུང་གི་ཡར་བཅད། ཆགས་སྒོ་དང་པས་མར་བཅད་པའི་ (ཆབ་སྐོར་དར་པས་མར་བཅད་པའི་)ཡུལ་དེ་ན་རྒྱལ་སྡེ་བཅུ་གཉིས་ལ། (རྦས་སྡེ་བཅུ་གཉིས་) ནགས་ཤོད་སྟོང་བུ་ཆུང་གིས་དཔོན་བྱས་ཏེ།" ཞེས་གསུངས། ཆོས་འབྱུང་མཁས་པའི་དགའ་སྟོན་ ༡༨༨ ལས། "རྩེ་མཐོང་ཕོ་མཐོང་གཉིས། རྒོད་ཚང་སྟོད་སྨད་གཉིས། འཇོང་སྟོད་འཇོང་སྨད་གཉིས། དྲེ་སྟོད་དྲེ་སྨད་གཉིས། ཁ་རོ་ཁ་ཟངས་གཉིས། ནགས་ཤོད་སྟོང་བུ་ཆུང་སྟེ་སུམ་པའི་རུ་སྟོང་ཁྱབ་བརྒྱ་ལྡན་གྱི་སྟོང་སྡེ་བཅུ་གཅིག་གོ །"ཞེས་དང༌། དེ་ཡི་དོན་ཡང་དུང་དཀར་ཚིག་མཛོད་ཆེན་མོ། དུང་དཀར་བློ་བཟང་འཕྲིན་ལས། ཤེས་རིག་དཔར་ཁང༌། ཤོག་གྲངས། ༢༠༤༢ ཕྲེང༌། ༢༤ "ལས་སུམ་པའི་ཡུལ་འདི་ས་གནས་གང་དུ་ཡོད་མེད་སྐོར་ལ་ལོ་རྒྱུས་སྨྲ་བའི་མཁས་པ་ཚོའི་གསུང་ཚུལ་མི་འདྲ་བ་སྣ་ཚོགས་འདུག་ཀྱང་ཀོང་སྤྲུལ་རིན་པོ་ཆེ་ཡོན་ཏན་རྒྱ་མཚོས་མཛད་པའི་གཏེར་སྟོན་བརྒྱ་རྩའི་རྣམ་ཐར་ནང་སྨར་ཁམས་ཀྱི་ཡུལ་འདི་ཡིན་གསུངས་པ་དེ་ཆོས་འབྱུང་མཁས་པའི་དགའ་སྟོན་ནང་དུ་གསལ་བའི་རྒོད་ཚང་སྟོད་སྨད་གཉིས་དང༌། ནགས་ཤོད་ཅེས་དེང་སང་ས་མིང་དཀར་ཆག་ནང་བར་ཁམས་རྒྱུད་ཀྱི་ས་ཆའི་གྲས་སུ་གསལ་པོར་འཁོད་པ་རྣམས་ཡོངས་སུ་མཐུན་པ་འདུག་པས་མདོ་སྟོད་ཀྱི་ས་གནས་རྣམས་སུམ་པའི་ཡུལ་དུ་ངོས་འཛིན་བྱེད་ཆོག་པ་འདུག་སྙམ།" ཞེས་དང༌། ཡང་དེ་ཉིད་ཀྱི་ཤོག་གྲངས། ༡༤༧༨ ཕྲེང༌། ༢༢ "ལས་བྱང་ནགས་ཤོད་གཟི་འཕྲང༌། བར་ཁམས་རྒྱལ་ཤོད་སྟག་པ་ཚལ་ནས་བརྩིས་པའི་བྱང་ནགས་ཤོད་ཁུལ་གྱི་འཕྲང་འགག་གཅིག་གི་མིང༌།" ཞེས་དང༌། ལྡེའུ་ཇོ་སྲས་ཀྱིས་མཛད་པའི་ལྡེའུ་ཆོས་འབྱུང༌། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌། ཤོག་གྲངས། ༡༡༡ ཕྲེང༌། ༣ ལས་ "སུམ་པའི་རུ་མཚམས་ནི། ཤར་གཉེན་ཡུལ་བྲག་ར། ལྷོ་སྨིར་ཏི་ཆུ་ནག །ནུབ་ཡེལ་ཞབས་སྡིང་པོ། བྱང་ནགས་ཤོད་གཟི་འཕྲང༌། དབུས་ཚད་རྒྱལ་ཤོད་སྟག་པ་ཚལ་གྱིས་བྱས་པའོ།" ཞེས་དང༌། བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བར་ཆོས་འབྱུང་མཁས་པའི་དགའ་སྟོན་དྲངས་པ་ལས། "རྩེ་མཐོང་ཕོ་མཐོང་གཉིས། རྒོད་ཚང་སྟོད་སྨད་གཉིས། འཇོང་སྟོད་འཇོང་སྨད་གཉིས། དྲེ་སྟོད་དྲེ་སྨད་གཉིས། ཁ་རོ་ཁ་ཟངས་གཉིས། ནགས་ཤོད་སྟོང་བུ་ཆུང་བཅས་སོ།" ཞེས་དང་།
སྔ་འགྱུར་རྫོགས་ཆེན་ཆོས་འབྱུང་ཆེན་མོ། ཤོག་གྲངས། ༣༩༩ ཕྲེང༌། ༡༥ ལས། "བསྟན་གཉིས་གླིང་པའི་ལྟ་བ་སངས་རྒྱས་དགོངས་འདུས་ལས། ནགས་ཤོད་རི་བོ་སྲིན་མོ་རྫོང་གི་སྤོར་ཞེས་གསུངས་པ་བཞིན། ཁམས་ཀྱི་སྲིན་མོ་རྫོང་ནས་རྫོགས་ཆེན་རྩ་གསུམ་གསང་བ་སྙིང་ཐིག་སོགས་གདན་དྲངས།" ཞེས་དང༌། པདྨ་གླིང་པའི་གཏེར་ལུང་ལས། "ནགས་ཤོད་རི་ལ་སྦས་པའི་དི་ར་བདུནཿ "ཞེས་དང༌། "ནགས་ཤོད་རི་བོ་སྲིན་མོ་རྫོང་གི་སྤོརཿ" ཞེས་གསལ། རྙིང་མའི་ཆོས་འབྱུང༌།བོད་ནས་དཔར་སྐྲུན་བྱས་པ། ཤོག་གྲངས། ༧༨༤ ཕྲེང༌། ༢༤ལས། "མདོ་ཁམས་ཤོད་ཆེན་བཅོ་བརྒྱད་ཀྱི་ནང་གསེས་ནགས་ཤོད་དུ། སེ་ཚ་གྲུབ་ཐོབ་ཏུ་གྲགས་པའི་བརྟུལ་ཞུགས་ཀྱི་སྤྱོད་པས་དྲེག་པ་ཅན་རྣམས་དབང་དུ་བསྡུ་བ་དང༌།" ཞེས་གསལ། རྙིང་མའི་ཆོས་འབྱུང༌། བོད་ནང་དཔར་སྐྲུན་བྱས་པར། ཤོག་གྲངས། ༩༠༦ ཕྲེང༌། ༢༡ ལས། "ཡང་མཆོག་སྤྲུལ་རིན་པོ་ཆེ་དེ་ཉིད་ཀྱི་ཞལ་སློབ་སྤྲུལ་པའི་གཏེར་སྟོན་ཀློང་ཆེན་རོལ་པ་རྩལ་ལམ་རིག་པའི་རྡོ་རྗེ་ནི། འཁྲུངས་ཡུལ་ཤོད་ཆེན་བཅོ་བརྒྱད་ཀྱི་ནང་ཚན་ནགས་ཤོད་ཡར་ཐང་ཞེས་པར་ས་ཕོ་བྱི་བའི་ལོར་སྐུ་འཁྲུངས།" ཞེས་སོགས་གསལ་ལོ།།
གཞུང་ཕྱོགས་རེ་བ་དང་ཉི་ཚེ་ཙམ་མ་ཡིན་པ་མདོ་སྔགས་ཀྱི་གནད་ལ་ཐོས་བསམ་གྱི་སྒྲོ་འདོགས་བཅད་དེ། རང་དང་གཞན་གྱི་གྲུབ་མཐའ་རྒྱ་མཚོའི་ཕ་མཐར་སོན་ཞིང་། གཞུང་ལུགས་རབས་འབྱམས་སྨྲ་བ་ལ་གཞན་དྲིང་མི་འཇོག་པའི་བོད་གང་ཅན་ལྗོངས་ཀྱི་མཁས་གྲུབ་ཆེན་པོ་གནམ་གྱིས་ས་བཀབ་པ་ལྟ་བུ་དག་གིས་བརྩམས་པའི་རྒྱལ་རབས་དང་ཆོས་འབྱུང་ཁག་ཏུ་གསལ་བའི་ནགས་ཤོད་ཅེས་པའི་བརྡ་ཆད་འདི། ལོ་རྒྱུས་རིག་པ་རྟོག་ཞིབ་བགྱིད་སྟངས་ལྟར་ནགས་ཤོད་ཀྱི་ནགས་ལ་ས་མཐའ་ཡོད་མེད་ཀྱི་དཔྱད་གཞི་རིན་ཐང་བྲལ་བ་ཞིག་ཏུ་བརྩི་དགོས་པ་ལས་མོན་ཡུལ་རྡོར་གཅོད་དང་མཚུངས་དཔེ་སྦྱར་ནས་རི་བོང་ཅལ་གྱིས་འདྲོགས་པའི་འཆལ་གཏམ་ལ་ངོས་བཟུང་ན་གཏན་ནས་མི་འགྲིག་གོ །
ད་ནི་འཐད་སྒྲུབ་ལུང་རིགས་ཀྱིས་མཐའ་དགག་པ་ནི།
ཁོ་བོས་ཕྱི་ལོ་༢༠༠༩ལོར་ནགས་ལྷའི་སྒྲོན་མེ་དེབ་ཕྲེང་དང་པོར་བཀོད་པའི་མདོ་ཁམས་ནགས་ཤོད་ལ་རགས་ཙམ་དཔྱད་པ་བྱུང་རབས་ལ་ལྟ་བའི་འདྲེན་བྱེད། ཅེས་པའི་རྩོམ་ཡིག་གི་མཇུག་ཏུ། ནགས་ཤོད་ཀྱི་མིང་གི་ངེས་ཚིག་མདོར་བསྡུས་ཤིག་བྲིས་ཡོད་པ་དེ་གཞིར་བཟུང་ནས་བཤད་ན། ནགས་ཤོད་ཅེས་པ་ནི་རྒྱུ་མཚན་ལ་ལྟོས་པའི་རྗེས་གྲུབ་ཏུ་བརྡ་བྱས་པ་ཡིན་ལ། དེ་ཡང་ནི་ཁོ་ར་ཁོར་ཡུག་ཏུ་ནགས་ཚལ་སྟུག་པོའི་ཚང་ཚིང་ཀུན་ཏུ་འཁྲིགས་ཤིང་། རྩི་ཤིང་སྨན་རིགས་ཀྱི་དྲི་བསུང་རྣམ་པར་འཐུལ་བའི་ནགས་ཡིན་པས་ན་ནགས་ཞེས་དང༌། ས་བབས་དམའ་བའི་གཤོངས་སམ་ཤོད་ཡིན་པས་ཤོད་ཅེས་འབོད་པ་ཡིན། དེ་གཉིས་ཀྱི་ཚིག་སྣ་བསྡུས་ནས་<<ནགས་ཤོད་>>ཅེས་པའི་མིང་འདི་གྲུབ་ཡོད། ད་ལྟའི་དུས་སུ་སྔར་ལྟར་ནགས་ཚལ་སྟུག་པོ་དེ་ཙམ་མེད་པར་བརྟེན་འགའ་ཞིག་ཐེ་ཚོམ་གྱི་དྲ་བར་ཚུད་ནས་དོགས་གཞི་དོགས་སློང་བྱེད་པ་ཡང་གཙོ་བོའི་དོགས་གཞི་གཉིས་ཏེ། གཅིག་ནི་ཆུ་མིང་ཡུལ་ལ་ཐོགས་པ་མིན་ནམ་སྙམ་པ་དང་། གཅིག་ནི་ནགས་ལྷ་ཛམ་བྷ་སྟེ་ཡུལ་ལྷའི་མིང་ཡུལ་ལ་ཐོགས་པ་མིན་ནམ་སྙམ་པ་དེ་གཉིས་ཡིན་འདུག། །དོགས་གཞི་འདི་གཉིས་གོང་དུ་ལུང་རིགས་གཉིས་ཀྱིས་ལེགས་པར་བསྒྲུབས་ཟིན་པས་སྐྱར་ཟློས་ཀྱི་ངལ་བ་མ་བསྟེན་ཏོ། ནགས་ཤོད་ཅེས་པ་འདི་རྗེས་གྲུབ་ཡིན་པ་དང་། དེ་ཡང་ཤིང་ནགས་དང་འབྲེལ་བའི་བརྡ་ཆད་ཅིག་ཡིན་པ་དཔྱད་གཞི་མང་པོ་ཞིག་གི་ཐོགས་ནས་ངེས་ཤེས་འདྲེན་པའི་གོ་བ་རྙེད་རྒྱུ་ཡོད། དཔེར་ན། ས་ཡུལ་གཞན་གྱི་ཡུལ་མིང་ཐོགས་སྟངས་ཀྱི་སྒོ་ནས་དཔྱད་པ་དང་། ཡུལ་མིའི་ངག་ལ་བྱང་པའི་མིང་གི་རྣམ་གྲངས་སོགས་ཀྱི་སྒོ་ནས་དཔྱད་པ། ནགས་ཤོད་དང་འབྲེལ་བའི་དེབ་ཐེར་ཁག་ལ་གསལ་བའི་ལོ་རྒྱུས་ལ་དཔྱད་པ། ས་བབས་ཁྱད་ཆོས་ཀྱི་སྒོ་ནས་དཔྱད་པ་བཅས་ཡིན།
དང་པོ་ཡུལ་ལུང་གཞན་གྱི་མིང་ཐོགས་སྟངས་ཀྱི་སྒོ་ནས་དཔྱད་ན། ལྷ་ས་ཞེས་པ་ནི་ཐོག་མར་སྤྲུལ་པའི་ར་ཡིས་ས་དབོར་ཏེ་མཚོ་བསུབས་པས་ར་ས་ཞེས་པའི་མིང་ནས་རིམ་བཞིན་ལྷ་ས་ཞེས་པར་འགྱུར་བ་དང་། ཆུ་ཤུལ་རྫོང། ཆུ་ཤུལ་ཞེས་པ་ནི་ཆུ་བོའི་རྒྱུགས་ཤུལ་དུ་ཆགས་པའི་ཡུལ་ལ་ཆུ་ཤུལ་ཞེས་སྔོན་མིང་རང་སོར་བཞག་པའི་རྫོང་ཞིག་ཡིན་པ་དང་། སྙེ་མོ་རྫོང། ཡུལ་དེའི་སོ་ནམ་བྱེད་སྟངས་ལོ་ཏོག་གི་སྙེ་མའང་ཕོ་མོར་དབྱེ་ཏེ་ཕོ་ཞན་ཞིང་མོ་ལེགས་པར་བརྩིས་ནས་སྙེ་མོ་ཞེས་སོགས། ཡུལ་ལུང་ཕལ་མོ་ཆེའི་མིང་ས་བབས་ཁྱད་ཆོས་དང་འབྲེལ་བའི་ངེས་ཚིག་བཤད་དུ་ཡོད་པ་འདི་དག་ལ་བརྟགས་ན་སྔར་གྱི་ཡུལ་མིང་ཕལ་ཆེ་བ་རྗེས་གྲུབ་ཀྱི་མིང་ཡིན་པ་གོ་ནུས། དེས་ན་ནགས་ཤོད་ཅེས་པ་འདི་ཡང་རྗེས་གྲུབ་ཡིན་ཆོག་པ་དང་། དེ་ཡང་ས་མཐའ་ཅན་གྱི་ནགས་འདི་ས་བབས་ཀྱི་ཁྱད་ཆོས་དང་། ཡུལ་མིའི་ངག་རྒྱུན་གང་ལ་གཞིགས་ཀྱང་བརྡ་དོན་ལེགས་པར་འབྱོར་བར་བརྟེན་ནགས་ཚལ་གྱི་ནགས་ལ་གོ་ཉེ་བ་དང་འབྲེལ་ཆེ་བ་ཡོད། སྤྱིར་ས་མཐའ་ཅན་གྱི་ནགས་འདི། ནགས་ན་སྤྱོད། ནགས་ན་གནས། ནགས་ཁྲོད། ནགས་ཁྱི། ནགས་ཁུལ། ནགས་ཀླུང་། ནགས་ཀྱི་ཧི་ར། ནགས་ཀྱི་ས་འཛིན། ནགས་ཀྱི་རི་དྭགས། ནགས་ཀྱི་དབང་པོ་སོགས་མང་པོ་ལ་འཇུག་པ་ཡོད་ཀྱང་འདི་དག་ཤིང་ནགས་དང་འབྲེལ་བ་དང་། ཚིག་གྲོགས་དང་མ་སྦྱར་བའི་ནགས་ཀྱི་རང་ལྡོག་ནས་སྐྱེ་ཤིང་མང་པོ་ཡོད་ས་སྟེ། ནགས་སྟུག་པོ་དང་ནགས་འཐིབས་པོ་ལ་འཇུག་པ་བརྡ་སྤྲོད་མཁན་པོ་རྣམས་ཐུགས་སྣང་གཅིག་མཐུན་གྱིས་བརྡ་དག་ཚིག་མཛོད་ཁག་ནང་གསལ་ཡོད།
གནའ་ནས་ད་བར་ཁྱད་ཆོས་ཅི་རིགས་དང་ལྡན་པའི་ཡུལ་མི་རྣམས་ཀྱི་ངག་ལ་བྱང་པའི་མིང་གི་རྣམ་གྲངས་སུ་ནགས་ཀླུང་སྟུག་པོ་བཀོད་དང་། ནགས་ཀྱི་ཀླུང་ཤོད། ནགས་ཤོད་སྨན་ལྗོངས། བཀྲ་ཤིས་ནགས་ཀླུང་འབབ་པའི་ཡུལ་གྱི་ཤོད། ནགས་ཤོད་སྨན་ལྗོངས་ཕྱུག་མོ། བར་གྱི་དཔའ་སྡེ་ནགས་ཤོད། ནགས་ཤོད་སྟོང་བུ་ཆུང་ཞེས་སོགས་མང་དུ་ཡོད་པ་ལས་འགའ་ཞིག་ལ་དཔྱད་ན། ༡ ནགས་ཀླུང་སྟུག་པོ་བཀོད། ཅེས་པ་འདི་ཙམ་གྱིས་ནགས་མཐུག་པོ་ཡོད་པ་གསལ་འདུག་ཅིང་། སྐྱེ་ཤིང་ཐར་ཐོར་ཡོད་སར་སྟུག་པོའི་ཐ་སྙད་གཏན་ནས་མི་འཇུག་པའི་ཕྱིར། སྟུག་པོ་ནི་མཐུག་པོའི་དོན་ལ་འཇུག་པས་ནགས་ཀླུང་སྟུག་པོ་བཀོད་ཅེས་པས་ཤིང་ནགས་སྟུག་པོ་ཆུ་ཀླུང་དང་འཐབ་པ་གསལ་པོ་བསྟན་ཡོད། ༢ ནགས་ཀྱི་ཀླུང་ཤོད། ཅེས་པ་འདིས་ནགས་ཀླུང་ཚང་ཚིང་འཁྲིགས་པའི་ས་བབས་དམའ་བའི་གཤོངས་སམ་ཤོད་ཡིན་པ་གསལ་པོ་བསྟན་ཡོད། ༣ ནགས་ཤོད་སྨན་ལྗོངས། ཞེས་པ་འདིས། རྩི་ཤིང་སྨན་རིགས་ཀྱི་དྲི་བསུང་རྣམ་པར་འཐུལ་བའི་ཡུལ་སྡེའམ་ཡུལ་ལྗོངས་ཡིན་པ་གསལ་པོ་བསྟན་ཡོད། ༤ བཀྲ་ཤིས་ནགས་ཀླུང་འབབ་པའི་ཡུལ་གྱི་ཤོད། ཅེས་པ་འདིས། ཆར་ཆུ་དུས་སུ་འབབ་ཅིང་ལོ་ཕྱུགས་རྟག་ཏུ་ལེགས་པ་སོགས་བཀྲ་ཤིས་པའི་དགེ་མཚན་ཕུན་སུམ་ཚོགས་པའི་གནས་ནགས་ཀླུང་དལ་གྱི་འབབ་པའི་ཡུལ་གྱི་ཤོད། ཅེས་ས་བབས་དང་ཁྱད་ཆོས་གསལ་པོ་བསྟན་ཡོད། ༥ནགས་ཤོད་སྨན་ལྗོངས་ཕྱུག་མོ། ཞེས་པ་འདིས། རྩི་ཤིང་སྨན་རིགས་ཀྱི་དྲི་བསུང་རྣམ་པར་འཐུལ་ཞིང་མཁོ་དགུའི་ལོངས་སྤྱོད་སྣ་མང་གིས་ཕྱུག་པའི་ཡུལ་སྡེ་འམ་ཡུལ་ལྗོངས་ཡིན་པ་གསལ་པོར་བསྟན་ཡོད། གོང་དུ་བཤད་པའི་ཁྱད་ཆོས་དེ་དག་མ་ཚང་ན། ཆེ་བསྟོད་ཅི་ཙམ་བྱས་ཀྱང་ནགས་ཀླུང་སྟུག་པོ་བཀོད་ཅེས་པ་འདི་ལྟ་བུ་བརྗོད་ག་ལ་ཤེས། ས་བབས་ཁྱད་ཆོས་གསལ་པོ་བསྟན་པའི་ནགས་ཤོད་ཀྱི་མིང་གི་རྣམ་གྲངས་འདི་དག་ལ་བརྟེན་ནས་ནགས་ཚལ་སྟུག་པོ་ཡོད་པ་གསལ་བ་བཞིན་ནགས་ཤོད་སྟོད་སྨད་བར་གསུམ་དུ་ཤིང་ནགས་ཀྱིས་ཁྱབ་ཡོད་པ་ནི། ནགས་ཤོད་ཡུལ་གྱི་ལྟེ་བ་ད་ལྟ་འབྲི་རུ་རྫོང་ཆགས་གནས་འདིར་ཤིང་ནགས་ཚང་ཚིང་འཁྲིགས་པ་ར་ལྤགས་ཐང་ལ་བཀྲམ་པ་ལྟར་ཡོད་པར་བརྟེན་ས་ཆ་འདིའི་མིང་ལ་ནགས་ར་ལྤགས་ཐང་ཞེས་ནགས་ཤོད་པའི་མེས་པོ་རྣམས་ཀྱི་ངག་ལ་བྱང་ཡོད། དེ་བཞིན་འོག་ནས་འབྱུང་པའི་བཀའ་ཆེམས་ཀ་ཁོལ་མའི་ལུང་ལས་གསལ་པོར་ཤེས་ནུས་སོ།།
འདི་ལྟ་བུའི་ས་མིང་དང་ཆུ་མིང་དེ་དག་ལ་དཔྱོད་སྐབས་གཙོ་བོ་གཞི་འཛིན་ས་ཞིག་ཡོད་དགོས་པ་ནི་རྩ་བའི་དོན་གནད་ཡིན་པར་བརྟེན། སྔ་རབས་ཀྱི་ཡིག་རྙིང་འབའ་ཞིག་གཞིར་བཟུང་བའི་ཐོག་འབྲེལ་ཡོད་ཀྱི་ལོ་རྒྱུས་ཡིག་རིགས་གཞན་དང་འབྲེལ་ནས་དཔྱད་དགོས་པས། ནགས་ཤོད་ཀྱི་ཡུལ་མིང་སྐོར་གསལ་བའི་ཡིག་རྙིང་ཁག་ཏུ། ནགས་ཤོད་ཅེས་པའི་ནགས་ནི་ནགས་ཚལ་གྱི་ནགས་ས་མཐའ་ཅན་འདི་ཡིན་པ་གསལ་ཏེ། རྒྱལ་རབས་དེབ་ཐེར་དཀར་པོ་ལས། "དེ་ལ་རྗེ་སྲོང་བཙན་སྒམ་པོ་ཡན་ཆད་དུ་བོད་ན་ཡི་གེ་མེད་པར་གྲགས་པས། དེ་ཡན་གྱི་རྒྱལ་རབས་རྣམས་ཀྱང་ངག་རྒྱུན་ཙམ་ཞིག་ཏུ་གནས་པ་ལས། ལོ་ཚིགས་སོགས་བསྒྲིགས་ཏེ་དཀྱུས་མའི་ལུགས་སུ་གཏན་ལ་འབེབས་པའི་སྐབས་མེད་ལ། འོན་ཀྱང་རྗེ་གནམ་རིའི་ལོ་རྒྱུས་ནི། སྲས་ཀྱི་དུས་སུ་བྲིས་པར་མངོན་པ་ཞིག་འོག་ཏུ་བཀོད་པ་འདི་ཡིན་ཞིང་།" ཞེས་གསུངས་པ་བཞིན། དུས་རབས་བདུན་པར་སློབ་དཔོན་ཐོན་མིས་བོད་ཡིག་གསར་གཏོད་མཛད་རྗེས་བྱུང་བའི་བོད་ཡིག་ཐོག་ལོ་རྒྱུས་བསྟན་བཅོས་ཐོག་མ་དང་མ་ཕྱི་ལྟ་བུར་བོད་ཀྱི་གནའ་རབས་ལོ་རྒྱུས་མཐའ་དག་གི་ཁུངས་འཛིན་ས་བཙན་པོ་རང་གིས་བྲིས་པ་བཀའ་ཆེམས་ཀ་ཁོལ་མ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌། ཤོག་གྲངས། ༡༩༧ ཕྲེང༌། ༢ ལས། "དེ་ནས་བློན་པོ་ཁམས་སྟོད་ནགས་ཤོད་སྙེ་བོ་ནགས་སུ་སླེབས་པ་ན། ནགས་ཤོད་ན་ཨོང་ཅོང་འཁོར་བཅས་འདུག་པ་དགྱེས་སོ།" ཞེས་དང༌། མ་ཎི་བཀའ་འབུམ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌། ཤོག་གྲངས། ༣༠༩ ལས། སུམ་པ་ནགས་སུ་བྱོན་ནས་རྒྱ་མོ་འཕྲད་ལམ་བཏོན། བོད་ཀྱི་ཡུལ་བཟང་པོ་ཡང་གཟིགས་སོ། འཁོར་རྣམས་ཀྱིས་ཀོང་ཇོ་ལ་བློན་པོ་མགར་གྱི་བུ་ཆགས་ནས། ས་ལམ་འཆོས་པ་ལ་བསྙད་བཏགས་ནས་ཡུན་རིང་འགོར་ཟེར་རོ། དེར་བློན་པོ་མགར་གྱིས་རྗེས་ཟིན་ནས། ཞེས་གསལ། དེ་བཞིན། རླངས་ཀྱི་པོ་ཏི་བསེ་རུ་སོགས་གོང་དུ་དྲངས་པའི་ལོ་རྒྱུས་མི་ཉུང་པ་ཞིག་གི་ནང་གསལ་བའི་ནགས་ཤོད་ཅེས་པའི་ས་མཐའ་ཅན་གྱི་ནགས་འདི་ཤིང་ནགས་ཀྱི་ནགས་ཡིན་པ་ལུང་རང་ངོས་ཁ་གསལ་བ་མ་ཟད། དུས་རབས་བཅུ་དྲུག་པའི་ནང་དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་བོད་ཀྱི་ལོ་རྒྱུས་རྒྱས་ཤོས་དང་ཡོངས་གྲགས་ཆེ་ཤོས་ཡིན་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ནང༌། དེ་ནས་ཚོགས་བསྐྱངས། ཞ་བས་བྱ་ཡུལ་གྱི་ས་ཕུལ་བས་ཀླུ་གཉན་རྣམས་གནས་སྤོས། ཀླུ་ཆེ་བ་ཞིག་འདུག་པ་བཏུལ་ནས་ཕ་བོང་ཐག་ཐུག་རྣམས་བཅག་ཅིང་སྦས་ཏེ་བྱ་ཡུལ་བཏབ། ཤིང་རྣམས་ནགས་ཤོད་ནས་དྲངས། གསུངས་པ་དང་། འགོས་ལོ་གཞོན་ནུ་དཔལ་གྱི་དེབ་ཐེར་སྔོན་པོ་ལས། དགུང་ལོ་སུམ་ཅུ་རྩ་བཞི་བཞེས་པ་ཤིང་ཕོ་སྤྲེལ་ནས་གཙུག་ལག་ཁང་ཆེན་མོའི་རྩིག་པ་ལ་ཟུག །ནགས་ཤོད་དུ་ཤིང་གཅོད་དུ་བཏང་བས་འབྲི་ཁུང་པས་བཀག་ནས་བོད་ནས་ཤིང་བཙལ་རྡོ་ནས་ཤིང་མང་དུ་དྲངས། དེའི་སྐབས་སུ་ཕོད་མདོའི་ལྡེའུ་མིག་ཕྱག་ཏུ་བྱུང་བས། དེ་ལ་བརྟེན་ནས་འབྲི་ཁུང་པའི་དཔོན་པོས་ནགས་ཤོད་ནས་ཤིང་འདྲེན་པར་ཞུས་ནས་ནགས་ཤོད་ནས་ཤིང་རྣམས་དྲངས། གསུངས་པ་དང་། རིན་ཆེན་སྒང་པ་ཁུ་དབོན་གྱི་རྣམ་ཐར་ལས། བཟོད་པའི་ལུས་ལ་བརྩོན་འགྲུས་གོ་བགོས་ཏེ། །རིན་ཆེན་སྒང་པའི་བསོད་ནམས་གཟི་བརྗིད་འབར། །བྱིན་རླབས་མི་ཟད་ནོར་དང་བཅས་ནས་ནི། །ནགས་ཤོད་སུམ་པའི་སྟོད་དུ་ཤིང་ལ་བྱོན། ཞེས་ཁང་ཤིང་རྣམས་ནགས་ཤོད་ནས་དྲངས་པ་ཤིན་ཏུ་གསལ་པོ་གསུངས་འདུག །
རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་དང་རྭ་སྒྲེང་དགོན་གྲོང་གི་ལོ་རྒྱུས་ལས། ༡༡༤༨ ལོར་ཞང་འོད་འཇོ་བ་རྭ་སྒྲེང་གི་དགོན་པར་ཕེབས་ནས་ལོ་བཅུ་གཉིས་བར་གདན་ས་འདི་ཉིད་བསྐྱངས་ཏེ། དེའི་རིང་ཞང་འཕྲང་ཀ་བེར་ཆུང་གི་ཡང་ཚ་དཔོན་གཞོན་ཚུལ་གྱིས་སྦྱིན་བདག་བྱས་ཏེ་དབུ་རྩེ་ཀ་བ་ཉི་ཤུ་རྩ་བཞི་ཡོད་པ་བཞེངས་ཤིང་། དེའི་ཤིང་ཆ་རྣམས་ནགས་ཤོད་ཀ་རོང་ནས་དྲངས་ཞེས་གསལ་བས་དབུས་ཁུལ་གྱི་དགོན་པ་ལྷ་ཁང་གཙོ་བོར་གྱུར་པའི་ཁང་ཤིང་ནགས་ཤོད་ནས་དྲངས་པ་གསལ་པོ་རེད་འདུག །ལོ་རྒྱུས་ལས་གསལ་བའི་ཚིག་འདི་དག་གིས་ནགས་ཤོད་ལ་ཤིང་ཡོད་པ་དང་། ཤིང་ཡོད་པས་མ་ཚད་ཤིང་ནགས་སྟུག་པོ་ཡོད་པ་ཤེས་ནུས། དང་པོ་ཤིང་ཡོད་པ་གྲུབ་སྟེ་ཤིང་མེད་ས་ནས་ཤིང་ལེན་རྒྱུ་ཡོད་ན་དབུས་ཁུལ་གྱི་ཁང་ཤིང་འདམ་གཞུང་དང་། སྟོད་ལུང་། སྟག་རྩེ་སོགས་ལས་བླངས་ན་སྟབས་བདེ་བ་དང་ཐག་ཉེ་བ་ཡོད་པས། ལ་ལུང་མང་པོ་བརྒྱུད་ནས་ནགས་ཤོད་ནས་ལེན་དགོས་པའི་རྒྱུ་མཚན་གང་ཡང་མེད་དོ། གཉིས་པ་ཤིང་ཡོད་མ་ཟད་ཤིང་ནགས་མཐུག་པོ་ཡོད་པ་གྲུབ་སྟེ། ཤིང་ཐར་ཐོར་དང་རིད་པོ་རེ་ཟུང་ཡོད་པས་དགོན་པ་དང་ལྷ་ཁང་གི་ཀ་གཞུ་གདུང་མ་ལྟ་ཅི་མི་སྒེར་གྱི་ཁང་ཤིང་ཙམ་ཡང་མི་ལོ། རྒྱུ་མཚན་དེ་དག་ལ་བརྟེན་ནས་ནགས་ཤོད་ཀྱི་ནགས་ལ་ས་མཐའ་ཡོད་པ་བདེ་བླག་ངང་གྲུབ་བོ། །
ཡང་འགའ་ཤས་ཀྱིས་ནགས་ཤོད་ལ་ཤིང་ནགས་འབེལ་པོ་དེ་འདྲ་བྱུང་མྱོང་ཡོད་ན་ད་ལྟའི་དུས་སུ་དེ་འདྲ་མེད་པ་གང་ཡིན་དྲན་སྲིད་ཀྱང། བོད་མི་རིགས་འདི་ཤིང་ནགས་གཅོད་འབྲེག་ཤེས་ལ་འདེབས་འཛུགས་མི་ཤེས་མཁན་གྱི་མི་རིགས་ཤིག་ཡིན་པ་དང་། རྩི་ཤིང་ནི་བཅད་ན་རྫོགས་འགྲོ་བའི་དངོས་པོ་ཞིག་ཡིན་པའི་རྒྱུ་མཚན་དེ་གཉིས་ལས་མ་འདས་སོ། ལར་ནས་ས་རྒྱ་ཆེ་ལ་ཤིང་ཆ་དཀོན་པའི་དབུས་ཁུལ་གྱི་དགོན་པ་ལྷ་ཁང་གཙོ་བོར་གྱུར་པའི་ཁང་ཤིང་དེ་ཙམ་ནགས་ཤོད་ནས་གཅོད་འབྲེག་བྱས་ཡོད་ན། ཤིང་ནགས་ཅི་ཙམ་འབེལ་ཡང་མི་རྫོགས་པའི་གནས་ག་ལ་ཡོད། ལྷག་ལུས་ཡོད་པ་རྣམས་དུས་འགྱུར་སྐབས་ཚད་མེད་གཅོད་འབྲེག་བྱས་པ་བཅས་ལ་བརྟེན་ནས་སྔར་གྱི་ལོ་རྒྱུས་ལ་ཡིད་མི་ཆེས་པའི་ད་ལྟའི་གནས་བབས་འདི་ལ་སླེབས་ཡོད་དོ། །
ས་བབས་ཁྱད་ཆོས་ཀྱི་སྒོ་ནས་དཔྱད་པ་ལ། ནགས་ལྷའི་ལྷ་བསང་འདོད་འབྱུང་ནོར་བུའི་བང་མཛོད་ལས། ཡུལ་ནི་ནགས་ཤོད་སྟོང་བུ་ཆུང༌། །ཕུ་གསུམ་དཔག་བསམ་རྒྱས་པ་འདྲ། །མདའ་གསུམ་ཡོལ་བ་བྲེས་བ་འདྲ། །རི་བྲག་མཚོན་ཆ་གཟེང་བ་འདྲ། །ཞེས་གསུངས་པ་དང་། རིག་འཛིན་ཆོས་ཀྱི་གྲགས་པས་མཛད་པའི་ནགས་ལྷའི་ལྷ་བསང་རྒྱས་པ་ལས། ཆོས་འཁོར་ལྷ་སའི་ཤར་ཕྱོགས་ན། །དཀར་དམར་གྲམ་གསུམ་ལྷོ་ཕྱོགས་ན། །ཚ་བ་སྒང་གི་ནུབ་ཕྱོགས་ན། །དག་པ་ཤེལ་རིའི་བྱང་ཕྱོགས་ན།།སྦས་ཡུལ་ནགས་ཀྱི་སྐྱེད་ཚལ་ན། །ཞེས་ས་ཕྱོགས་གང་དུ་གནས་ཡོད་མེད་དང་། ཡུལ་གྱི་ངོ་བོ་དང་ལུང་པའི་ཁྱད་ཆོས་བཅས་ཀྱི་སྡོམ་ཚིག་བླ་ན་མེད་པ་ཞིག་བཀོད་འདུག །
འདི་དོན་དངོས་ལས་རྣམ་པ་གཞན་དུ་བསྒྱུར་བའམ་སྙན་ངག་པས་སྒྲོ་བཏགས་པའི་རབ་བཏགས་ཀྱི་རྒྱན་ཞིག་ཡིན་དང་། ཡང་ན་ཆུང་ངུ་ཆེན་པོ་སྤྲོས་ཏེ་འཆལ་གཏམ་འུད་སྒྲོག་བྱས་པ་ཡིན། བློ་རྣལ་དུ་གནས་མཛུབ་མོ་ནང་དུ་བཀུག་ནས་ཡུལ་ལ་དཔྱད་པ་གྱིས་དང་། ཚིག་འདི་རིན་ཐང་ཞལ་དུ་མེད་པའི་དཔྱད་གཞི་གལ་ཆེན་ཞིག་ཡིན་པ་རྟོགས་ནུས། གོང་གི་འབྲུ་དོན་འགྲེལ་ན་འདི་ལྟར་ཡིན་ཏེ། མདོ་ཁམས་ནགས་ཤོད་ཡུལ་གྱི་ཕུ་ཐམས་ཅད་འབབ་ཆུ་དང་ལུང་ལག་ཕན་ཚུན་འབྲེལ་བས་དཔག་བསམ་ཤིང་གི་ལོ་མ་རྒྱས་པ་ལྟ་བུ། མདའ་རྣམས་སུ་ནགས་ཀླུང་ཚང་ཚིང་འཐིབས་པ་བྲག་རི་ཆུ་རུ་འཐབ་པས་ཡོལ་བ་བྲེས་པ་འདྲ་བ། གཞན་ཡང་བྲག་རི་དང་ནགས་རི། རི་ཡི་རྩེ་མོ་རྣམས་གཡུལ་སའི་མཚོན་ཆ་གཟེང་པ་ལྟར་རྔམ་ཞིང་བརྗིད་ཉམས་ཆེ་བ། ལྷག་པར་དུ་སྦས་ཡུལ་ནགས་ཀྱི་སྐྱེད་ཚལ་ཞེས་པའི་ཚིག་འདིས་ཤིང་ནགས་ཀྱིས་ཡོངས་སུ་གང་བ་བསྟན་ཏེ། ཚལ་ཞེས་པ་ནི་འཐུག་པའམ་གང་བའི་དོན་ཡིན་ཏེ། ཡུམ་གྱི་མདོ་ལས། འདམ་བུ། འོད་མ། བུར་ཤིང༌། སྨྱིག་མའི་ཚལ་ལམ་འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་ལྟར་ཡོངས་སུ་གང་བར་གྱུར་ཀྱང་དེ་དག་གི་ཤེས་རབ་གང་ཡིན་པ་དེས་ནི་བྱང་ཆེན་ཡུམ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་བསྒོམས་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། ཞེས་དང་། དགེ་སློང་ཤཱ་རིའི་བུ་དང་མོའུ་འགལ་གྱི་བུ་འདྲ་བ་ཤ་སྟག་གིས་ཞེས་གང་གསུངས་པ་འདིས་ནི་ཇི་སྐད་གསུངས་པའི་རྟོགས་པ་མཐུན་པ་རྣམས་ཀྱིས་ཞེས་བྱ་བར་རོ་ཞེས་སྔར་བཤད་པའི་ཆོས་དྲུག་གིས་རྟོགས་པ་མཐུན་པ་རྣམས་ཀྱིས་གང་བར་གྱུར་ཀྱང་ཞེས་སྦྱར་ཏེ། དེ་ལྟར་ན་མཆོག་ཟུང་གཅིག་དང་འདྲ་བ་ཤ་སྟག་ནི་གང་གིས་གང་བའི་རྟེན་ནོ། འཛམ་གླིང་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནི་གང་ཞིག་ཡོངས་སུ་གང་བའི་གཞིའོ། །འདམ་བུ་སོགས་དྲུག་ནི་ཇི་ལྟར་གང་བའི་དཔེའོ། །དེ་ཡང་དྲུག་པོ་འདིའི་ཚལ་འཐུག་པའི་དཔེས་གང་བའི་དོན་མཚོན་ལ། ཞེས་གསུངས་སོ།།
ནགས་ཤོད་ཅེས་པའི་ཤོད་ནི་མདོ་ཁམས་ཤོད་ཆེན་བཅོ་བརྒྱད་དུ་གྲགས་པའི་ཤོད་ཆེན་ཞིག་ཡིན་ཏེ། དེ་ཡང་མེས་པོའི་བྱུང་བ་ལས། ད་ལྟ་ས་ཆ་དང་དངོས་སུ་ར་འཕྲོད་བྱུང་བ་ནི། ༡ ནགས་ཤོད། འབྲི་རུ་རྫོང་ཁོངས་ཀྱི་ས་ཆ་ཕལ་ཆེ་བ། ༢ སོག་ཤོད། སོག་གཡག་ལའི་ཁུལ། ༣ དཀར་ཤོད། སོག་རྫོང་ཁོངས། ༤ རེ་ཤོད། སོག་རྫོང་ཁོངས། ༥ རྒྱལ་ཤོད། སྟོད་འབྲི་རུ་དང་སྨད་དཔལ་འབར། ༦ ས་ཤོད། དཔལ་འབར་རྫོང་ཁོངས། ༧ དཔའ་ཤོད། དཔལ་འབར་རྫོང་ཁོངས། ༨ རྒྱང་ཤོད། སྟེང་ཆེན་རྫོང་ཁོངས། ༩ གྱིམ་ཤོད། སྟེང་ཆེན་རྫོང་ཁོངས། ༡༠ རྟ་ཤོད། སྟེང་ཆེན་རྫོང་ཁོངས། ༡༡ གཡི་ཤོད་དམ་གཡང་ཤོད་ནི་རི་བོ་ཆེའི་རྫོང་ཁོངས། ༡༢ དངུལ་ཤོད། ལྷོ་རོང་རྫོང་ཁོངས། ༡༣ རྔོད་ཤོད། མཛོ་སྒང་རྫོང་ཁོངས། ༡༤ ཟླ་ཤོད། ཆབ་མདོ་རྫོང་ཁོངས། ༡༥ ངོམས་ཤོད། ཆབ་མདོ་རྫོང་ཁོངས། ༡༦ རྨེ་ཤོད། སྡེ་དགེ་རྫོང་ཁོངས། ༡༧ སྨར་ཤོད། གོ་འཇོ་རྫོང་ཁོངས། ༡༨ ཀྲེ་ཤོད་དཀར་མཛེས་རྫོང་ཁོངས་ཞེས་གསལ།
སྤྱིར་ཤོད་ཅེས་པ་འདི་དོན་དུ་མ་ལ་འཇུག་པ་ཡོད་མོད། མདོ་ཁམས་ཤོད་ཆེན་བཅོ་བརྒྱད་དུ་གྲགས་པའི་ཤོད་འདི་དག་གིས་ཡུལ་གྱི་བཀོད་པ་ཁྱད་པར་ཅན་དང་ས་ཆའི་གནས་བབས་སོགས་མཚོན་པར་བྱེད་པ་ལྟར། ནགས་ཤོད་ཅེས་པའི་ཤོད་འདིས་ཀྱང་མདོ་ཁམས་ནགས་ཤོད་འབྲི་ལྗོངས་ཕྱུག་མོའི་ཡུལ་གྱི་རང་བཞིན་གྱི་བཀོད་པ་རྣམས་མཚོན་པར་བྱས་སོ།།
སྙིང་པོ་ཧྲིལ་གྱིས་བསྒྲིལ་ན་སྤྱིར་བོད་ཀྱི་ཡུལ་ཁམས་ཀྱི་གནས་བབས་དང་། ས་ཆའི་ཆགས་སྟངས་སོགས་ལ་ལྟོས་ནས་ཆུ་མིང་ཡུལ་ལ་ཐོགས་པ་ཡོད་དུ་ཆོག་ཀྱང་། ལོ་རྒྱུས་རིག་པའི་དཔྱད་ཞིབ་ཀྱི་ལུགས་སྲོལ་དང་མཐུན་པ་འོལ་ཚོད་ཀྱི་དབང་དུ་མ་སོང་པར་ཚད་འཛིན་བྱ་འོས་པའི་རྒྱལ་རབས་དང་ཆོས་འབྱུང་ཁག་དང་། ཡུལ་མིའི་ངག་རྒྱུན། ཡུལ་ལུང་གཞན་དང་གཞན་གྱི་ས་མིང་དང་ཡུལ་མིང་ཐོགས་སྟངས་བཅས་གུང་བསྒྲིགས་ནས་ལྕི་ཡང་སྲང་ལ་གཞལ་བའི་གྲུབ་དོན་འདི་ལྟར་ཡིན་ཏེ། རང་བྱུང་ཁམས་ཀྱི་སྐྱེ་ལྡན་ནགས་ཚལ་གྱི་མིང་དང་ཡུལ་གྱི་ས་བབས་སྦྲེལ་ནས་ཡུལ་ལ་བཏགས་པ་ནགས་ཤོད་ཅེས་དང་། ཡུལ་དེར་གནས་པའི་ལྷ་ལ་ནགས་ལྷ། ཡུལ་མིང་གིས་དྲངས་ནས་ནགས་ཤོད་ཡུལ་ནས་འབབ་པའི་ཆུ་ལ་ནགས་ཆུ་ཞེས་བཏགས་པ་ཡིན་ནོ།།
སྨྲས་པ།
གདོང་དམར་བཙན་པོའི་རྒོད་ཀྱི་སྟོང་སྡེ་ལས།།
རུ་འདྲེན་དཔའ་བོའི་མཚན་གྱི་སྙན་པ་བརྗིད།།
མཐའ་བཞིའི་དགྲ་དཔུང་འཇོམས་ལ་ཆེས་དཔའ་བའི།།
བར་གྱི་དཔའ་སྡེ་ནགས་ཤོད་སྟོང་བུ་ཆུང་།།
བཙན་པོའི་རྒྱལ་སྲིད་དགུང་དུ་འདེགས་པའི་དུས། །
དཔའ་རྟགས་རྒྱལ་ཁའི་རྔ་ཆེན་བརྡུངས་པ་ན།།
སྙན་པ་ཕྱོགས་སུ་ལྡིར་བའི་མདོ་ཁམས་ཀྱི། །
ཤོད་ཆེན་བཅོ་བརྒྱད་ཡ་གྱལ་ནགས་ཀྱི་ཤོད། །
བྱུང་རབས་ལོ་རྒྱུས་སྟར་ལ་བརྒྱུས་པ་ཡི།།
བཙན་པོའི་ཡིག་ཚང་མགུལ་དུ་བྱུར་བུར་གཏམས།།
བདག་བློ་ངལ་བརྒྱས་རྙེད་པའི་མུ་ཏིག་ཕྲེང་།།
གཟུར་གནས་བཞིན་བཟང་མ་ཡིས་རྒྱན་དུ་ལོངས།།
འོན་ཀྱང་འདི་ལ་ནོངས་པའི་ཚོགས་མཆིས་ན། །
ལུང་རིགས་གཏམ་གྱི་དགག་སྒྲུབ་སྦྱོར་བ་ཡི། །
དཔྱོད་ལྡན་མཁས་པས་བྱི་དོར་མཛད་གྱུར་ན།།
བཅོས་མིན་སྙིང་ནས་སྤྲོ་དགས་དང་དུ་ལེན།།
ཕྱི་ལོ་༢༠༡༦ཟླ་༧ཞེས་༡༣ཉིན་འབྲི་རུ་སྐལ་བཟང་རྒྱལ་མཚན་གྱིས་སྤེལ།
དཔྱ་གཞིའི་ཡིག་ཆ།
༡ འཇང་བཀའ་འགྱུར། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ།
༢ ཡུམ་གྱི་མདོ།
༣ ཆོས་རྒྱལ་སྲོང་བཙན་སྒམ་པོས་མཛད་པའི་བཀའ་ཆེམས་ཀ་ཁོལ་མ། ཀན་སུ་མི་རིགས་དཔེ་སྐྲུན་ཁང་།
༤ ཆོས་རྒྱལ་སྲོང་བཙན་སྒམ་པོས་མཛད་པའི་མ་ནི་བཀའ་འབུམ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
༥ འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་མཛད་པའི་ས་མཐའི་རྣམ་དབྱེ།
༦ ཁྱབ་བདག་སྟག་ཕུ་པས་མཛད་པའི་ནགས་ལྷ་ཛམ་བྷའི་བསང་ཡིག །དཔེ་ཐུང་བྲིས་མ་།
༧ དཔལ་ལྡན་ལྷ་མོ་དང་རྣམ་སྲས་ཀྱི་བསྐང་གསོ།
༨ ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་དང་།
༩ ནེའུ་པཎྜི་ཏ་གྲགས་པ་སྨོན་ལམ་བློ་གྲོས་ཀྱིས་བརྩམས་པའི་སྔོན་གྱི་གཏམ་མེ་ཏོག་ཕྲེང་བ། བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།
༡༠ ཨ་མྱེས་བྱང་ཆུབ་འདྲེ་བཀོལ་དང་བྱང་ཆུབ་རྒྱལ་བས་བརྩམས་པའི་རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
སྦ་གསལ་སྣང་གི་བཞེད་པར་གྲགས་པ་སྦ་བཞེད།
༡༡ ས་སྐྱ་པ་བསོད་ནམས་རྒྱལ་མཚན་གྱིས་བརྩམས་པའི་རྒྱལ་རབས་གསལ་བའི་མེ་ལོང་།
༡༢ ཚལ་པ་ཀུན་དགའ་རྡོ་རྗེས་བརྩམས་པའི་དེབ་ཐེར་དམར་པོ།
རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད།
༡༣ འགོམ་བསྟན་འཛིན་ཆོས་དབྱིངས་ཀྱིས་བརྩམས་པའི་མེས་པོའི་བྱུང་བ། མི་རིགས་དཔེ་སྐྲུན་ཁང་།
༡༤ འབེལ་གཏམ་ལུང་གི་སྙིང་པོ།
༡༥ ཆབ་མདོ་ཤེས་རབ་ཀྱིས་བརྩམས་པའི་ཆབ་མདོའི་ཡིག་ཚང་རིན་ཆེན་སྤུངས་པ། འཕགས་ཡུལ་ཆབ་མདོའི་ལོ་རྒྱུས་རྩོམ་སྒྲིག་ཁང་།
༡༦ ཡར་ལུང་ཇོ་བོ་ཤཱཀྱ་རིན་ཆེན་གྱི་ཆོས་འབྱུང་
༡༧ ཨོ་རྒྱན་གླིང་པས་བསམ་ཡས་དང་ཤེལ་བྲག་ནས་གཏེར་ལས་བཏོན་པའི་བཀའ་ཐང༌སྡེ་ལྔ་།
༡༨ མངའ་བདག་ཉང་ཉི་མ་འོད་ཟེར་གྱིས་བརྩམས་པའི་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། བོད་ཀྱི་དཔེ་མཛོད་ཁང་།
༡༩ ངམ་རིང་ཚིག་མཛོད།
༢༠ སྒ་སྟོད་སྐྱེ་རྒུ་དོན་གྲུབ་གླིང་གི་ལོ་རྒྱུས།
༢༡ བོན་གྱི་དཔེ་རྙིང་ཀུན་བཟང་བསང་ནག །
༢༢ ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག།
༢༣ དབུ་ནག་མི་བུ་འདྲ་ཆགས།
༢༤ བོད་རྒྱ་ཚིག་མཛོད་ཆེན་མོ་ལས། མི་རིགས་དཔེ་སྐྲུན་ཁང་།
༢༥ ལེགས་བཤད་ལྗོན་དབང་།
༢༦ ས་པཎ་ཀུན་དགའ་རྒྱལ་མཚན་གྱི་དག་ཡིག་ཉེར་མཁོ་བསྡུས་པ་སྡེབ་སྦྱོར་ཡིད་བཞིན་ནོར་བུ།
༢༧ མཁར་ནག་ལོ་ཙཱ་བ་དཔལ་འབྱོར་རྒྱ་མཚོས་བརྩམས་པའི་དགའ་ལྡན་ཆོས་འབྱུང་དཔག་བསམ་གྱི་སྡོང་བུ་མཁས་པ་དགྱེས་བྱེད།
༢༨ སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྩམས་པའི་དགེ་ལྡན་ཆོས་འབྱུང་བཻཌཱུརྱ་སེར་པོ།
༢༩ བོད་སོག་ཆོས་འབྱུང༌།
༣༠ དཔའ་བོ་གཙུག་ལག་ཕྲེང་བས་བརྩམས་པའི་ཆོས་འབྱུང་མཁས་པའི་དགའ་སྟོན།
༣༡ གུ་རུ་བཀྲ་ཤིས་ཀྱིས་བརྩམས་པའི་སྔ་འགྱུར་རྫོགས་ཆེན་ཆོས་འབྱུང་ཆེན་མོ།
༣༢ འགོས་ལོ་ཡེ་བཟང་རྩེ་བ་གཞོན་ནུ་དཔལ་གྱིས་བརྩམས་པའི་དེབ་ཐེར་སྔོན་པོ།
༣༢ དཔལ་འབྱོར་བཟང་པོས་བརྩམས་པའི་རྒྱ་བོད་ཡིག་ཚང་ཆེན་མོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང༌།
༣༣ ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་བརྩམས་པའི་བོད་སོག་ཆོས་འབྱུང༌། གངས་ཅན་རིགས་བརྒྱའི་སྒོ་འབྱེད་ལྡེ་མིག་དེབ་ ༡༨
༣༤ ཞང་ཞུང་ཆོས་དབང་གྲགས་པའི་བསྟོད་ཚོགས། སངས་རྒྱས་འཁར་གྱིས་ལེགས་སྒྲིག་བྱས༌། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌།
༣༥ ནགས་ལྷ་ཛམ་བྷའི་བསང་ཡིག །ནགས་ཤོད་སྟག་ཕུ། དཔེ་ཐུང་བྲིས་མ།
༣༦ མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ། བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་།
༣༧ དུང་དཀར་བློ་བཟང་འཕྲིན་ལས་ཀྱི་བརྩམས་པའི་དུང་དཀར་ཚིག་མཛོད་ཆེན་མོ། ཤེས་རིག་དཔར་ཁང༌།
༣༨ རིན་ཆེན་སྒང་པ་ཁུ་དབོན་གྱི་རྣམ་ཐར།
༣༩ རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་དང་རྭ་སྒྲེང་དགོན་གྲོང་གི་ལོ་རྒྱུས།
༤༠ རིག་འཛིན་ཆོས་ཀྱི་གྲགས་པས་མཛད་པའི་ནགས་ལྷའི་ལྷ་བསང་རྒྱས་པ།
༤༡ རི་དབང་རིན་པོ་ཆེས་བརྩམས་པའི་ནགས་ཤོད་འབྲི་རུའི་ལོ་རྒྱུས།
༤༢ སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་བརྩམས་པའི་བསྟན་པ་སྤྱིའི་ཆོས་འབྱུང་དཔག་བསམ་ལྗོན་བཟང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌།
༤༣ བོད་ཀྱི་ཤེས་རིག་རྨང་གཞི་ཚོགས་ཆུང་ནས་བསྒྲིགས་པའི་གངས་ལྗོངས་ཚིག་མཛོད་ཆེན་མོ།
༤༤ བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ནས་སྒྲིག་རྩོམ་བྱས་པ་བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ། བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་།
༤༥ ཆོས་འཕེལ་གྱིས་བརྩམས་པའི་ལྷོ་ཁ་ཁུལ་གྱི་གནས་ཡིག །
རྩོམ་ཡིག་འདི་ཐེངས་ 8113 བཀླགས་འདུག
མཐའ་མའི་བསྐྱར་བཅོས། Sat 02 Dec 2017
སྡེ་ཚན
དཔྱད་རྩོམ།
གསར་ཤོས་དག : འབྲི་ཚང་།
སྡེ་ཚན་འདིའི་ནང་ད་དུང་རྩོམ་ཡིག་མང་
« ཐ་སྙད་གསར་པ་ནི་བོད་མི་རིགས་ནག་ཁུང་ནས་ནག་ཁུང་དུ་འཁྲིད་བྱེད་ཀྱི་སྣ་ཐག་ཅིག་རེད།
མཛད་ཆེན་བཞི། »
དཔྱད་མཆན་འགོད་ས།
རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་འབྲི་རུ་སྐལ་བཟང་རྒྱལ་མཚན་གྱི་ཡིག་ཚགས་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ན་ཡང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་བདག་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།
གཤམ་གྱི་སྐར་རྟགས་ཡོད་པའི་བར་སྟོང་རྣམས་ངེས་པར་འགེང་དགོས།
དཔྱད་རྩོམ།
སྟག་ཕུའི་ཨར་གཞས་ལེའུ་དགུ་པ་དབང་གི་རྒྱལ་པོའི་འགྲེལ་བ་དོན་གསལ་…
རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན། རྒྱལ་ཀུན་སྙིང་རྗེ་སྒྱུ་འཕྲུལ་རོལ་པའི་གར། །... རྒྱས་པར་གཟིགས་་་
Data: 26-10-2017 | ཀློག་གྲངས། 8476
མཛད་ཆེན་བཞི།
རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི... རྒྱས་པར་གཟིགས་་་
Data: 12-10-2017 | ཀློག་གྲངས། 9126
ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ།
རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན། སྟོན་པ་མཆོག་དང་འཕགས་བོད་པཎ་གྲུབ་སྤྱི། །མེས…
ཐ་སྙད་གསར་པ་ནི་བོད་མི་རིགས་ནག་ཁུང་ནས་ནག་ཁུང་དུ་འཁྲིད་བྱེད་ཀྱ…
རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན། དེང་སང་ས་སྒང་འདིའི་ཐོག…
མཆན་གསར་ཤོས།
- ད་ལྟའི་ཆར་འཛམ་གླིང་འདིའི་ཐོག་ཅ་དངོས་གསར་པ་རི་ལུག་པར་ཐ་སྙད་གསར་པའི་ཐག་པས་སྡོམ་ཐབས་མེད་པའི་དུས་འདིར། ང་ཚོར་གངས་རིས་བསྐོར་བའི་དག་ཞིང་དུ་དག་སྣང་སྒོམ་ནས་ཨུ་ཚུགས་ཀྱིས་ཟུར་སྡོད་བྱེད་ས་མེད་པར་བརྟེན།… རྩོམ་པ་པོ། : karma on Thu 12 Oct 2017 ཐ་སྙད་གསར་པ་ནི་བོད་མི་རིགས་ནག་ཁུང་ནས་ནག་ཁུང་དུ་འཁྲིད་བྱེད་ཀྱི་སྣ་ཐག་ཅིག་རེད། (དཔྱད་རྩོམ།)
མཆན་མང་ཤོད།
-
ཐ་སྙད་གསར་པ་ནི་བོད་མི་རིགས་ནག་ཁུང་ནས་ནག་ཁུང་དུ་འཁྲིད་བྱེད་ཀྱི་སྣ་ཐག་ཅིག་རེད།
རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན། …Written on Wed 11 Oct 2017 དཔྱད་རྩོམ། 1 དཔྱད་མཆན། རྩོམ་ཡིག་འདི་ཐེངས་ 7887 བཀླགས་འདུག