- མདུན་ངོས།
- དཔྱད་རྩོམ།
དཔྱད་རྩོམ།
རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན།
རྒྱལ་ཀུན་སྙིང་རྗེ་སྒྱུ་འཕྲུལ་རོལ་པའི་གར། །
གང་འདུལ་འགྲོ་བློར་ཤར་བ་མིག་མི་འཛུམ།།
གཉིས་མེད་མི་ཡི་གར་མཛད་སྟག་ཕུ་པ།།
རིགས་བརྒྱའི་ཁྱབ་བདག་པདྨ་བཛྲ་འདུད། །
གང་གི་ཐུན་མོང་རྣམ་ཐར་ལུས་ཕྲ་མར།།
མངོན་བརྗོད་གོས་བཟང་སྙན་ངག་རྒྱན་གྱིས་སྤུད།།
ཉམས་འགྱུར་ཨར་གཞས་གར་དུ་རྩེན་པ་ཡི།།
དཔྱོད་ལྡན་ཡིད་འཕྲོག་དཔལ་གྱི་ལང་ཚོའི་བདག །
བསམ་བཞིན་ཞིང་འདིར་སྲིད་པ་བཟུང་བ་ནས།།
ཐོས་བསམ་སྒོམ་པས་བསྟན་ལ་སློབ་ཚུལ་སོགས།།
མ་འདྲེས་གསལ་བ་བདེ་ཆེན་དགའ་སྟོན་དཔལ།།
ཅུང་ཟད་མྱོང་འདོད་ཅན་ལ་མདོ་ཙམ་སྤེལ།།
ཞེས་མཆོད་པ་བརྗོད་པ་དང་རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས་གང་གླེང་བར་བྱ་བའི་གཞི་ནི། རྒྱལ་ཀུན་སྙིང་རྗེའི་རང་གཟུགས་མི་ཡི་གར་གྱི་རྣམ་པར་རོལ་པ་ཁྱབ་བདག་སྟག་ཕུ་པདྨ་བཛྲ་གྱི་གསུང་ཨར་གཞས་ལེའུ་དགུ་པ་འདི་ཡིན་ལ། འདི་ལ་ཚིགས་བཅད་དགུ་ཡོད་པ་ལས་ཚིགས་བཅད་དང་པོས་ཡང་སྲིད་ངོས་འཛིན་སྐོར་དང་། གཉིས་པས་འབད་རྩོལ་མི་དགོས་པར་ཡང་སྲིད་ཀྱི་མཚན་རྟགས་ཁོང་ལ་ཕེབས་སྐོར། གསུམ་པས་ཡང་སྲིད་གདན་ཞུ་དང་ཁྲི་འདོན་མཛད་སྒོའི་སྐོར། བཞི་པས་སྐབས་དེའི་ཡ་མཚན་ཆེ་བའི་གར་རྩེད་ཆོ་ལོའི་གཟིགས་མོའི་སྐོར། ལྔ་པས་སློབ་གཉེར་ཆེད་གདན་སར་ཕེབས་སྐོར། དྲུག་པས་སློབ་གཉེར་ཟིན་ནས་ནགས་ཤོད་དུ་ཆོས་འཁོར་བསྐོར་བའི་སྐོར། བདུན་པའི་རྐང་པ་དང་པོ་གཉིས་ཀྱིས་༧གོང་ས་མཆོག་གིས་བདག་རྐྱེན་གནང་བའི་སྐོར། རྐང་པ་ཕྱི་མ་གཉིས་ཀྱིས་བཙོན་ཁང་ནང་དུ་ངོ་མཚར་འབྱམས་སུ་ཀླས་པའི་ཆོ་འཕྲུལ་སྐོར། བརྒྱད་པའི་རྐང་པ་དང་པོ་གཉིས་ཀྱི་ཁོང་ལ་དུག་ཕུལ་བའི་སྐོར། རྐང་པ་གསུམ་པས་དུག་འབུལ་མཁན་ལ་རི་དྭགས་རུ་རུའི་སྙིང་རྗེ་རྒྱས་པའི་སྐོར། ཚིགས་བཅད་མཐའ་མས་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་ཏེ་རྩ་ཐིག་རླུང་གསུམ་ལས་སུ་རུང་བ་ལ་བརྟེན་ནས་སྟོང་བཞིས་དྲངས་པའི་འོད་གསལ་དང༌། དགའ་བཞིས་དྲངས་པའི་ལྷན་སྐྱེས་ཡེ་ཤེས་མངོན་དུ་བྱེད་པའི་ཤེས་རབ་ཁྱད་པར་ཅན་གྱི་སྐོར། རྐང་པ་མཐའ་མས་ཨ་ལ་ལ་དང་ཨེ་མ་ཧོ་ངོ་མཚར་ཆེ་ཞེས་པའི་དོན་བཅས་བསྟན་ཏོ། །
ལེའུ་འདི་བཞིན་ཁོང་གི་རང་རྣམ་གྱི་སྡོམ་ལྟ་བུ་ཞིག་མངོན། དེ་ཡང་གོ་སླ་བའི་དམངས་ཁྲོད་ཨར་གཞས་ཀྱི་ངོ་བོའི་ཐོག་ཡོད་ནའང་། སྙན་ངག་གི་རྒྱན་གྱིས་བཅིངས་ཤིང་མངོན་བརྗོད་བརྡ་ཡིས་སྤུད་པར་བརྟེན་རྗེ་བླ་མ་འདི་ཉིད་ཀྱི་རྣམ་ཐར་ལ་རྒྱུས་མངའ་མེད་མཁན་ཞིག་ཡིན་ན་གོ་དཀའ་བ་དང་། ལྷག་པར་དུ་ཁོང་གི་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་མང་པོ་ཞིག་ཚིག་གབ་པ་དང་དོན་བསྐུང་པར་བརྟེན་འདི་ཡིན་དང་འདི་མིན་གྱི་ཁ་ཚོན་བཅད་དེ་འོལ་ཚོད་ཀྱིས་བརྡ་བཀྲོལ་བྱེད་ཐུབ་ཐབས་མེད་མོད། འོན་ཀྱང་གོ་བློར་ཤར་ཚོད་དུ་བྱས་ཏེ་ཐུན་མོང་སྣང་ཚོད་ཀྱི་རྣམ་པར་ཐར་པ་རྣམས་ཨ་གཞས་ཚིག་རིས་ཀྱི་རྒྱ་ལས་མ་བརྒལ་བ་བཤད་ན། འདི་འཆད་པ་ལ་དགུ།
དང་པོ་ཡང་སྲིད་ངོས་འཛིན་སྐོར།
དབང་གི་རྒྱལ་བོ་ནམ་མཁའ་ཡི་ནོར་བུ།།
བསྟན་པའི་རྒྱལ་མཚན་རྩེ་མོ་ལ་བཀོད་ནས།།
ཕན་དང་བདེ་བའི་གྲུ་ཆར་ལ་ཟམ་ཟིམ།།
སྐལ་བཟང་ཞིང་གི་ས་ཆེན་ལ་ཕེབས་བྱུང་།།
ཞེས་གསུངས། དོན་ནི་དབང་གི་རྒྱལ་པོ་ཞེས་གཏམ་རྒྱུད་དུ་གྲགས་པའི་དགོས་འདོད་ཐམས་ཅད་འབྱུང་བའི་ཁུངས་ཡིན་པའི་ནོར་བུ་མཆོག་ཏུ་གྱུར་པ་ཞིག་རྒྱལ་མཚན་གྱི་རྩེ་མོ་ལ་བཀོད་དེ་གསོལ་བ་བཏབ་ན། ཡིད་ལ་བསམ་པའི་འདོད་པའི་དོན་རྣམས་འབྱུང་བ་བཞིན། སྟག་ཕུ་སྐུ་ཕྲེང་བདུན་པ་ཆོས་ཀྱི་རྒྱ་མཚོའི་ཡང་སྲིད་གསལ་ཕྱིར་༸ཀུན་གཟིགས་པཎ་ཆེན་བསྟན་པའི་དབང་ཕྱུག་ཡིད་བཞིན་དབང་གི་རྒྱལ་པོའི་གཟུགས་སུ་བཀོད་དེ་ལུང་བརྟག་ཞུ་འབྲས་སུ་༸ཀུན་གཟིགས་ཆེན་པོས་ཡེ་ཤེས་དབྱིངས་དཔྱད་ཀྱི་སྟག་ཕུ་སྐུ་ཕྲེང་བདུན་པའི་ཡང་སྲིད་ཀྱི་ཕྱག་རྟགས་རིན་པོ་ཆེ་ཕྱག་རྒྱའི་གཟི་མདངས་མ་ཉམས་པ་ཕན་བདེའི་གྲུ་ཆར་ཟམ་ཟིམ་སྐལ་བཟང་ཞིང་གི་ས་ཆེན་ཏེ་སྟག་ཕུ་སྐུ་ཕྲེང་བརྒྱད་པ་རྗེ་བཙུན་ངག་དབང་བློ་བཟང་འཇམ་དཔལ་བསྟན་པའི་དངོས་གྲུབ་ཁོང་ལ་ཕེབས་བྱུང་ཞེས་ཚིགས་བཅད་འདིས་ཡང་སྲིད་ངོས་འཛིན་གྱི་སྐོར་གསལ་པོ་བསྟན། ལོ་རྒྱུས་ཁག་ཏུ་ཁོང་ངོས་འཛིན་གནང་མཁན་དང་གཙུག་ཕུད་བཞེས་མཁན་སུ་ཡིན་གསལ་ཁ་མ་མཐོང་ཡང་ལོ་རྒྱུས་གུང་བསྒྲིགས་ན། སྤྱིར་ན་དགེ་ལུགས་པའི་བླ་ཆེན་ཕལ་མོ་ཆེའི་ཡང་སྲིད་རྒྱལ་བ་ཡབ་སྲས་གཉིས་གང་རུང་གིས་ངོས་འཛིན་མཛད་སྲོལ་ཡོད་པ་དང་། ༸གོང་ས་བཅུ་གསུམ་པ་དང་ཁོང་གཉིས་དགུང་མཉམ་ཡིན་པས་ངོས་འཛིན་མཛད་ཐུབ་ཐབས་མེད་པ་དང་། དགུང་ནའི་བབས་དང་གོང་གི་སྟག་ཕུ་ངོས་འཛིན་སྐབས་ཀྱི་ཨར་གཞས་ཀྱི་ཚིག་ཟིན་ལ་དབང་གི་རྒྱལ་པོ་ཞེས་པཎ་ཆེན་བསྟན་པའི་དབང་ཕྱུག་གི་མཚན་སྒྲ་དངོས་སུ་གསལ་བ་དང་། སྟག་ཕུ་རིན་པོ་ཆེའི་མཚན་བསྟན་པའི་དངོས་གྲུབ་ཡིན་པ་བཅས་ལ་བསམ་ཚེ་ཁོང་ངོས་འཛིན་གནང་མཁན་དང་དབུ་སྐྲ་གཙུག་ཕུད་བཞེས་མཁན་ནི། ༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་ཡིན་པ་ངེས་ཤེས་རྙེད་ཐུབ་པ་ཞིག་འདུག་གོ །
གཉིས་པ་འབད་རྩོལ་མི་དགོས་པར་ཡང་སྲིད་ཀྱི་མཚན་རྟགས་ཁོང་ལ་ཕེབས་སྐོར།
དབྱར་གྱི་ལང་ཚོ་དར་བ་ལ་དགའ་སྐྱིད།།
རྩི་བཅུད་སྨན་གྱི་མེ་ཏོག་ལ་ཁྲ་ཆེན།།
འབྲས་དྲུག་སྨིན་པ་རོ་བརྒྱ་ཡི་བདུད་རྩི།།
འབད་རྩོལ་མ་དགོས་ལོངས་སྤྱོད་ལ་ངོ་མཚར།།
ཞེས་གསུངས། དོན་ནི་དབྱར་གྱི་ལང་ཚོ་དར་བ་སྟེ་ན་ཚོད་སྨིན་པའི་མཛེས་སྡུག་རྒྱས་པ་ནི་ལོ་གཅིག་ལ་དུས་བཞིར་ཕྱེ་བའི་དུས་ཚིགས་གཉིས་པ་སྟེ། གནམ་གཤིས་དྲོད་ལ་བབས་པས་འཁྱག་རོམ་དང་གྲང་ལྷགས་ཞི་ནས་ཆར་ཆུ་རྟག་ཏུ་འབབ་པས་སྐྱེ་འགྲོ་རྣམས་སེམས་པ་དགའ་ཞིང་སྤྲོ་བ། ལུས་སེམས་བག་ཕེབས་ཀྱི་དགའ་སྐྱིད་ངང་གནས་པ་དང་། རྩི་བཅུད་དང་སྨན་གྱི་མེ་ཏོག་ཁྲ་ཆེན་རྣམས་གང་སར་བཞད་ཅིང་། འབྲས་དྲུག་སྨིན་པ་རོ་བརྒྱའི་བདུད་རྩི་དཀའ་སྤྱད་དང་འབད་འབུངས་སོགས་ཀྱི་རྩོལ་བ་མ་དགོས་པར་ལོངས་སུ་སྤྱོད་ཆོག་པ་ནི་ངོ་མཚར་ཆེ་བ་བཞིན། སྟག་ཕུ་སྐུ་ཕྲེང་བདུན་པ་ཆོས་ཀྱི་རྒྱ་མཚོའི་ཡང་སྲིད་གསལ་བའི་མཚན་རྟགས་ངག་དབང་བློ་བཟང་འཇམ་དཔལ་བསྟན་པའི་དངོས་གྲུབ་ཁོང་ལ་འབད་རྩོལ་མི་དགོས་པ་ལོངས་སུ་སྤྱོད་པ་དེ་ངོ་མཚར་ཞེས་གསུངས་སོ།།
གསུམ་པ་ཡང་སྲིད་གདན་ཞུ་དང་ཁྲི་འདོན་མཛད་སྒོའི་སྐོར།
དབྱར་རྔ་བརྡུང་བའི་སྐད་སྒྲ་དེ་གསང་བྱུང་།།
འབར་བ་གློག་གི་རྩེ་མོ་རེ་འཁྱུག་བྱུང་།།
མེ་ཏོག་དཀར་པོའི་ཟིམ་ཆར་དེ་བབས་བྱུང་།།
ས་ཡི་ལྷ་མོའི་འཛུམ་ཞལ་དེ་བསྟན་བྱུང་།།
ཞེས་གསུངས། དོན་ནི་ཁོང་དགུང་གྲངས་ལྔ་ལ་ཕེབས་སྐབས། འཁྲུངས་ཡུལ་ནས་མདོ་ཁམས་ནགས་ཤོད་སྨན་ལྗོངས་ཕྱུག་མོར་སྟག་ཕུ་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་བཀའ་གདམས་ཆོས་ཀྱི་ཕོ་བྲང་ངམ་དགེ་འཕེལ་བྱང་ཆུབ་གླིང་དུ་གདན་འདྲེན་གྱི་གསེར་ཁྲིར་མངའ་གསོལ་ཞུ་སྐབས། སྤྱན་རྒྱ་སྤོས་སྣེ་དང་ཆིབས་བསུ་གདོང་རྒྱུགས་ཕེབས་སྟོན་དཀར་སྤྲོའི་མཛད་སྒོའི་འབུད་རྡུང་དཀྲོལ་གསུམ་སོགས་དབྱར་རྔ་དང་མཚུངས་པའི་རྔ་རོལ་བརྡུང་པའི་སྐད་སྒྲ་དེ་གསང་བྱུང་ཞེས་སྐད་གདངས་གསལ་ཞིང་མཐོ་བའི་རྣམ་པ་དང་། སྐབས་དེའི་མཛད་སྒོའི་རྣམ་པ་འཁྲུག་ཆ་དོད་པ་དབྱར་དུས་ཀྱི་འབྲུག་གྲགས་པ་དང་། གློག་འཁྱུག་པ་དང་མཚུངས་པ་བཀྲ་ཤིས་དང་ཤིས་བརྗོད་ཀྱི་འཐོར་འབྲུ་དང་ལྷན་དུ་ཙམ་པ་ཀའི་མེ་ཏོག་དཀར་གཙང་མཇལ་དར་ཁ་བཏགས་དཀར་པོ་སོགས་ཀྱི་ཟིམ་ཆར་བབས་པས་ས་ཡི་ལྷ་མོ་ཞེས་སྐབས་དེའི་ཁོར་ཡུག་གི་རྣམ་པ་ཉམས་སྣང་དོད་པ་དང་། མི་རྣམས་ཀྱི་གདོང་ལ་སྤྲོ་བའི་རྣམ་པ་དགོད་པའི་ཉམས་དོད་པའི་འཛུམ་ཞལ་དེ་བསྟན་བྱུང་ཞེས་སོ།།
བཞི་པ་སྐབས་དེའི་ཡ་མཚན་ཆེ་བའི་གར་རྩེད་ཆོ་ལོའི་གཟིགས་མོའི་སྐོར།
རྣམ་པ་བཀྲ་བའི་དྲྭ་མིག་གི་རྒྱ་འབག།།
གར་རྩེད་ཆོ་ལོའི་གཟིགས་མོ་ལ་མཚར་བྱུང་།།
དབང་པོའི་གཞུ་ཡི་མདངས་བཀྲག་ལ་བལྟས་ན།།
མཚར་རྒྱུ་མི་འདུག་རྗེས་མེད་ཀྱི་ཆུ་རིས།།
ཞེས་གསུངས། དོན་ནི་ཕེབས་སྟོན་དང་ཁྲི་གསོལ་མཛད་སྒོའི་སྐབས་གཟིམས་ཁང་གི་ཐོག་སྟེང་རབ་གསལ་གྱི་རྣམ་པར་བཀྲ་བའི་དྲྭ་མིག་ཅན་གྱི་རྒྱ་ཁྲ་འབག་གི་གཟུགས་སུ་བཀོད་ནས་ (རབ་གསལ་སྐར་ཁུང་གི་དྲྭ་མིག་) རྒྱ་ཁྲའི་འབག་གྱོན་ནས་འཆམས་ར་ནང་གཟིགས་ཚེ་གླུ་དབྱངས་ལེན་བཞིན་བྲོ་གར་འཁྲབ་མཁན་གྱི་ལུས་ཀྱི་རྣམ་འགྱུར་དང་། ངག་གི་འགྱུར་ཁུག་ལ་བརྟེན་ནས་བསམ་བློའི་ཉམས་འགྱུར་དངོས་སུ་མཚོན་པར་བྱེད་པའི་སྒེག་པ་དང་། དཔའ་བ། མི་སྡུག་པ། རྒོད་པ། དྲག་ཤུལ། འཇིགས་རུང༌། སྙིང་རྗེ། རྔམ་པ། ཞི་བ་བཅས་ཉམས་དགུ་སོགས་མི་དཔོན་བླ་ཆེན་ལ་གོ་ཐོབ་ཀྱི་འཁྲབ་སྟོན་སྒྱུ་རྩལ་རང་བཞིན་ལྡན་པའི་ཆོ་ལོའི་གཟིགས་མོ་དེ་མཚར་བྱུང་ཞེས་དང་། འོན་ཀྱང་ཉི་འོད་རླངས་པ་དང་སྤྲིན་པར་ཕོག་ནས་ཤར་བའི་མདངས་དབང་པོའི་གཞུ་སྟེ་འཇའ་ཚོན་གྱི་མདངས་བཀྲག་ལ་བལྟས་ན། ཚེ་འདི་སྣང་གི་རྙེད་བཀུར་དང༌། སྙན་གྲགས། འཁོར། འདུ་འགོད་ཕུན་སུམ་ཚོགས་པ་ཅི་ཙམ་ཡོད་ནའང། འདི་དག་རྟག་བརྟན་ཐེར་ཟུག་གི་སྙིང་པོ་ཅན་མ་ཡིན་པར། སྒྱུ་མའི་དཔེ་བཅུ་གཉིས་ཀྱི་ནང་ཚན་ཁམས་ལྔའི་དྭངས་མ་ལས་གྲུབ་པའམ་ཁ་དོག་གསལ་ལ་མ་འདྲེས་པ་འཇའ་ཚོན་ལྟ་བུ་མཚར་རྒྱུ་མི་འདུག་རྗེས་མེད་ཀྱི་ཆུ་རིས་ཙམ་རེད་དགོངས་ནས་ཟང་ཟིང་གི་འདུ་ལོང་ལ་མ་ཆགས་པར་ངེས་འབྱུང་གི་བསམ་པ་བཅོས་མ་མ་ཡིན་པས་རྒྱུད་བསྐུལ་ཏེ་དམ་པའི་ཆོས་འཚོལ་བ་ཁོ་ན་ལས་བྱ་བ་གཞན་གང་ཡང་ཡིད་ལ་མི་སེམས་སོ་ཞེས་པའོ། །
ལྔ་པ་སློབ་གཉེར་ཆེད་གདན་སར་ཕེབས་སྐོར།
དབང་ཆེན་ཆུ་བོ་མི་སྡོད་ལ་འབབ་འགྲོ།
ལྦུ་བའི་རྒྱ་མཚོ་ལྟེམ་མེ་ལ་འཁྱིལ་ཤོག།།
ལྦུ་བ་སྟོང་པའི་དོ་ཤལ་དེ་གྱོན་ནས།།
གསེར་མིག་འཁྱིལ་བའི་གཉེན་སྟོན་ལ་ཆས་འགྲོ།།
ཞེས་གསུངས། དོན་ནི་སྟག་ཕུ་སྐུ་ཕྲེང་རིམ་བྱོན་དབང་ཆེན་ཆུ་བོ་ཞེས་འབབ་ཆུ་དང་མཚུངས་པ་གཤེགས་བྱོན་མཛད་དེ་གཏན་དུ་མི་འདུག་པར་འབབ་འགྲོ་ནའང་། སྐུ་ཕྲེང་སྤྱི་ལ་ཁྱབ་བྱེད་དུ་འཇུག་པའི་མཚན་གནས་ལྦུ་བའི་རྒྱ་མཚོ་ལྟེམ་མེ་ལ་འཁྱིལ་ཤོག་ཅེས་ང་རྒྱལ་ལམ་ཆེ་ཚུགས་དོར་བའི་ཁེངས་སྐྱུང་གི་ཚིག་ཁྱབ་བདག་སྟག་ཕུ་པ་ཞེས་པའི་མཚན་གནས་དེ་ལྦུ་བ་སྟོང་པའི་གཟུགས་སུ་བཀོད་དེ། མཚན་གནས་རྗེས་འབྲེལ་ལྦུ་བ་སྟོང་པའི་དོ་ཤལ་གྱོན་ནས་གསེར་མིག་འཁྱིལ་བའི་གཉེན་སྟོན་དུ་ཆས་འགྲོ་བ་སྟེ། གདན་ས་རྒྱ་མཚོ་ཆེན་པོའི་གཟུགས་སུ་བཀོད་ནས་དེར་གནས་པའི་སློབ་གཉེར་བ་རྣམས་གསེར་མིག་ཉ་མོའི་གཟུགས་སུ་བཀོད་ནས་ཆོས་ཀྱི་བདུད་རྩིའི་གཉེན་སྟོན་དུ་གདན་ས་ཆེན་པོ་རུ་སློབ་གཉེར་ལ་ཆས་འགྲོ་ཞེས་པ་སྟེ་དགུང་ལོ་བཅུ་གསུམ་སྐབས་དབུས་སུ་ཕེབས་ཏེ་གདན་ས་དཔལ་ལྡན་འབྲས་སྤུངས་སུ་ཆོས་བཞུགས་གནང་ནས་དགེ་བའི་བཤེས་གཉེན་དུ་མར་ཡོངས་འཛིན་བསྟེན་ཏེ་གཞུང་ཆེན་བཀའ་པོད་ལྔ་ལ་གསན་སྦྱོངས་དང་། བཅུ་ཕྲག་རིག་པའི་གནས་སོགས་འཕགས་བོད་ཀྱི་གཞུང་ལུཊ་རྒྱ་མཚོ་ཆེན་པོ་ཕ་མཐར་སོན་པར་མཛད་དོ།།
དྲུག་པ་སློབ་གཉེར་ཟིན་ནས་ནགས་ཤོད་དུ་ཆོས་འཁོར་བསྐོར་བའི་སྐོར།
དབུ་མ་ནགས་ཀྱི་ལྗོན་ཤིང་གི་ཚལ་ན།།
ངང་བ་སེར་པོས་གཤོག་སྟབས་དེ་བསྐྱོད་ནས།།
ཁུ་བྱུག་སྔོན་མོས་དྲུག་འགྱུར་གྱི་གླུ་ལེན།།
ཐང་དཀར་ཐང་སྨུག་ཁྲོམ་ཆེན་ལ་འདུས་བྱུང་།།
ཞེས་གསུངས། དོན་ནི་སློབ་གཉེར་ཟིན་ནས་དབུ་མ་ནགས་ཀྱི་ལྗོན་ཤིང་གི་ཚལ་ན་ཞེས་རྩ་དབུ་མ་དང༌། རྐྱང་མ། རོ་མ་གསུམ་གྱི་རྣམ་པ་མཚོན་པའི་སྦས་ཡུལ་ལུང་གསུམ་སྨན་ལྗོངས་ཀྱི་ནང་ཚན་ནགས་ཤོད་སྦས་ཡུལ་དབུ་མ་ནགས་ཀླུང་ལྗོན་ཤིང་གི་ཚང་ཚིང་འཁྲིགས་པའི་ཚལ་ཏེ་ནགས་ཤོད་སྨན་ལྗོངས་སུ་རྒྱུ་ཕར་ཕྱིན་ཐེག་པ་དང་འབྲས་བུ་རྡོ་རྗེ་ཐེག་པའི་སློབ་གཉེར་གྱི་རྩལ་ཡོངས་སུ་རྫོགས་པའི་ངང་པ་སེར་པོ་གཡས་གཡོན་གྱི་གཤོག་པའི་གར་སྟབས་བསྐྱོད་ནས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ནི་ཁུ་བྱུག་སྔོན་མོས་དྲུག་འགྱུར་གྱི་གླུ་ལེན་པ་སྟེ། རྗེ་བཙུན་སྒྲོལ་མ་སྔོན་མོའི་གསུང་གིས་དངོས་སུ་བསྐུལ་བ་ཤ་སྟག་ཡིན་པ་སྟེ། རྗེ་བཙུན་སྒྲོལ་མ་མི་དང་མི་འཕྲད་པ་བཞིན་ཡོད་པས་ན་ཁོང་གི་ངག་ལ་རྩེན་པ་དམ་པའི་ཆོས་ཀྱི་སྒྲ་དབྱངས་ཐམས་ཅད་རྗེ་བཙུན་སྒྲོལ་མས་བླངས་པའི་གླུ་རུ་ལེན་པ་ཡིན་ཞེས་པ་དང་། གནས་དེར་གཉུག་མར་གནས་པ་དང་ཕྱོགས་མཐའ་ནས་དམ་ཆོས་བདུད་རྩི་དོན་དུ་གཉེར་བའི་སྐྱ་སེར་གྱི་ཚོགས་རྣམས་ཐང་དཀར་དང་ཐང་སྨུག་གི་ཚུལ་གྱི་ཁྲོམ་ཆེན་ལ་འདུས་བྱུང་ཞེས་གསུངས་སམ་ཡང་ན་དཔའ་བོ་མཁའ་འགྲོའི་ཚོགས་ཐང་དཀར་དང་ཐང་སྨུག་གི་ཚུལ་དུ་བྱོན་ནས་ཁྲོམ་ཆེན་དུ་འདུས་པ་གསང་བ་བསམ་གྱིས་མི་ཁྱབ་པའི་ཚུལ་ཞིག་གསུངས་པ་ཡིན་སྲིད།
ཡང་ཚིགས་བཅད་འདི་རིག་སྟོང་བདེ་བ་ཆེན་པོའི་ཡེ་ཤེས་སྐྱེད་པའི་གཞི་མ་གསང་ཡུམ་ལ་འགྲེལ་ཚུལ་ཞིག་ཀྱང་འདུག་གོ །དགུང་ལོ་ཉེར་ལྔའི་དུས་སུ། གླང་ཆེན་རིའམ་མཧཱ་གརྫ་རུ་སྒྲུབ་པ་མཛད་པའི་ཚེ་གུ་རུ་དྲག་པོའི་ཞལ་གཟིགས་ཐོབ་ཏེ་ཐུགས་གཏེར་བཞེས། དེ་ནས་བཟུང་གཏེར་གཉིས་བདག་པོར་གནང་ནས་ཡང་གཏེར། གནམ་གཏེར། དགོངས་གཏེར། ཟབ་གཏེར་སོགས་བཞེས། གཏེར་གསར་ལྷ་ངོ་སུམ་ཅུ་ཙམ་གཏན་ལ་ཕབ་ཏེ། སྟག་ཕུའི་གཏེར་གསར་གྱི་གསང་ཐང་སུམ་ཅུའི་སྐོར་བཞེངས། གསང་རྣམ་པོད་གཅིག་གཏེར་གསར་སྒྲུབ་ཐབས་ཆོ་ག་ཕྱག་ལེན་དང་བཅས་པ་མཛད་དོ། །
བདུན་པའི་རྐང་པ་དང་པོ་གཉིས་ཀྱིས༧གོང་ས་མཆོག་གིས་བདག་རྐྱེན་གནང་བའི་སྐོར།
བྱ་ལམ་གོང་མའི་རྣ་རྒྱན་ལ་མཛེས་སོང་།།
རྣ་རྒྱན་རྣ་བའི་བདུད་རྩི་ལ་འཐུང་ནས།།
ཞེས་གསུངས། དོན་ནི་གོང་གི་གསང་བ་བསམ་གྱིས་མི་ཁྱབ་པའི་མཛད་པ་རྣམས་བྱ་ལམ་གོང་མ་ཞེས་༸གོང་ས་བཅུ་གསུམ་པའི་སྙན་དུ་གསོལ་བས་ན་༸གོང་ས་མཆོག་གི་སྙན་ནམ་རྣ་བ་མཛེས་པའི་རྒྱན་དུ་སོང་། དགུང་ལོ་ཞེ་དྲུག་ཕེབས་སྐབས། གོང་ས་བཅུ་གསུམ་པ་མཆོག་གི་མཚན་བཟང་གསེར་གྱི་བཀའ་ལུང་རྣ་རྒྱན་རྣ་བའི་བདུད་རྩི་འཐུང་པ་སྟེ་སྤྱི་བོས་བླངས་ནས་བཀའ་བབ་དུས་སུ་སྨིན་པ་བསམ་ཡས་གཉིས་པ་གསང་སྔགས་དཔལ་གྱི་སྒྲུབ་སྡེ་དགེ་ལྡན་ལུགས་བཟང་ཀུན་འཕེལ་གླིང་ཕྱག་བཏབ། དུས་མཚུངས་སུ་ཁྱབ་བདག་སྟག་ཕུའི་ཨར་གཞས་ལེའུ་སུམ་ཅུ་ལྷག་ཙམ་ལྗགས་རྩོམ་གནང་བ་དང་། གར་དང་རས་པ་ལ་སོགས་རིག་རྩལ་གསར་སྤེལ་གནང་ནས། ཆོས་དང་འཇིག་རྟེན་འདི་དང་ཕྱི་མ། འདས་དང་མ་འོངས་སོགས་བརྗོད་བྱའི་དོན་ཕུན་སུམ་ཚོགས་ལ་བརྗོད་བྱེད་ཚིག་གི་སྦྱོར་བ་ཁྱད་དུ་འཕགས་པ། སྙན་པའི་དབྱངས་མཛེས་པའི་ཞབས་བྲོ་སོགས་མི་རྣམས་ཡིད་དབང་འཕྲོག་ཅིང་སྒྱིད་ལུག་དང་ངལ་དུབ་ལས་སད་དེ་ལས་ལ་བརྩོན་པ་མ་ཟད། རྒྱུན་དུ་མི་རྣམས་ཀྱི་འཚོ་བ་དང་ཀུན་སྤྱོད་ཐོག་སྤང་བླང་གི་གཞི་འཛིན་ས་ཞིག་རྩིས་ཏེ་སྤྱི་བོར་བཀུར། །
རྐང་པ་ཕྱི་མ་གཉིས་ཀྱིས་བཙོན་ཁང་ནང་དུ་ངོ་མཚར་འབྱམས་སུ་ཀླས་པའི་ཆོ་འཕྲུལ་སྐོར།
གཡུ་འབྲུག་སྔོན་མོའི་མེ་གཤོག་ལ་འཕྱངས་འགྲོ།
མེ་གཤོག་མེ་ཡིས་མ་འཚིག་པའི་ངོ་མཚར།།
ཞེས་གསུངས། དོན་ནི་གཡུ་འབྲུག་སྔོན་མོ་ཞེས་ལུས་ལས་སྐྱེས་པའི་མེ་གཤོག་ལ་འཕྱངས་ཏེ་ནམ་མཁར་འཕུར་འགྲོ་བ་ངག་རྒྱུན་ལ་གྲགས་པ་ལྟར་ལུས་ལས་སྐྱེས་པའི་མེ་གཤོག་དེས་རང་ཉིད་ལ་གནོད་པའམ་འཚིག་པ་མེད་པ་བཞིན། རྗེ་བླ་མ་དེ་ཉིད་སྐབས་ཤིག །གོང་ས་བཅུ་གསུམ་པ་མཆོག་གིས་བོད་ཡོངས་ལ་གཏེར་མིན་གཏེར་རྫུ་ཡི་སེལ་ཞུགས་གླེང་ཕྱོགས་སེལ་བའི་ཆེད་དུ་བཀའ་བཀྱོན་གྱི་སྐབས་དང་བསྟུན་ནས་བོད་གཞུང་གི་བཙོན་བཅུག་བྱས་ཏེ་མེར་བསྲེགས་གཏོང་གྲབས་བྱེད་སྐབས། གཡུ་འབྲུག་གི་མེ་གཤོག་དང་མཚུངས་པ་སྐུ་ལས་ཡེ་ཤེས་ཀྱི་མེ་ཆེན་རབ་ཏུ་མཆེད་ཀྱང་མེ་ཤོག་གིས་གཡུག་འབྲུག་ལ་མི་གནོད་པ་དེ་བཞིན་དུ་རྗེ་བླ་མ་ཁྱབ་བདག་སྟག་ཕུ་རྡོ་རྗེ་འཆང་གི་སྐུ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེ་ཆེན་དེ་ཉིད་ཀྱིས་རྗེ་བླ་མ་ལ་གནོད་པ་དང་འཚིག་པ་མེད་པའི་ངོ་མཚར་འབྱམས་སུ་ཀླས་པའི་ལུས་སེམས་ཤིན་སྦྱངས་ལ་བརྟེན་ནས་སྐྱེས་པའི་ཆོ་འཕྲུལ་གྱི་ནུས་མཐུས་གཞན་གྱི་མེ་སྤར་བའི་གླགས་མ་རྙེད་པ་མ་ཟད། བཙོན་ཁང་གི་སྒོ་ལྕགས་རྣམས་རྫུ་འཕྲུལ་གྱི་བཀོད་པས་སོ་སོར་འཐོར་སྐབས་བཙོན་སྲུང་དམག་མི་རྣམས་ཀྱང་དད་པ་དབང་མེད་དུ་སྐྱེས་ནས་མཚོན་ཆ་རང་སར་བཞག་སྟེ་གུས་ཕྱག་དང་འགྱོད་བཤགས་ཕུལ།
བརྒྱད་པའི་རྐང་པ་དང་པོ་གཉིས་ཀྱི་ཁོང་ལ་དུག་ཕུལ་བའི་སྐོར།
བཀྲ་ཤིས་རྟགས་ཀྱི་རི་མོ་ལ་གསལ་བྱུང་།།
འདོད་པ་འཇོ་བའི་དཔག་བསམ་ལ་འཁྲུངས་བྱུང་།།
ཞེས་གསུངས། དོན་ནི་གོང་གི་མཛད་པ་རྣམས་༸རྒྱལ་དབང་བཅུ་གསུམ་པ་ཆེན་པོས་མཁྱེན་རྗེས། གོང་ས་མཆོག་གི་སྐུ་གེགས་སེལ་ཕྱིར། སྟག་ཕུ་གཏེར་ཆེན་མཆོག་ལ་ཚེ་སྒྲུབ་མཛད་དགོས་པའི་བཀའ་ཕེབས་པ་ལྟར། ཚེ་སྒྲུབ་མཛད་པས་ན་༧གོང་ས་མཆོག་སྐུ་ཚེ་རིང་དུ་བརྟན་པའི་རྟགས་དང་མཚན་མ་མངོན་གསལ་ཅན་ཚེ་རིལ་མང་པོ་འཕེལ་ཞིང་། ཚེ་མདའ་ཡང་མཐོ་གང་ཙམ་རིང་དུ་སོང་བ་སོགས་ལོ་རྒྱུས་ལས་བྱུང་བ་བཞིན་བཀྲ་ཤིས་པའི་རྟགས་ཀྱི་རི་མོའི་གཟུགས་སུ་བཀོད་དེ་བཀྲ་ཤིས་རྟགས་ཀྱི་རི་མོ་ལ་གསལ་བྱུང་ཞེས་དང་། བསིལ་ལྡན་ལྗོངས་འདིར་ཕན་བདེ་མ་ལུས་འབྱུང་བའི་གཞི་སྒོ་གཉིས་སུ་མེད་པ་༧གོང་ས་མཆོག་སྐུ་ཚེ་བརྟན་པ་ནི་འདོད་པ་འཇོ་བའི་དཔག་བསམ་ལ་འཁྲུངས་བྱུང་ཞེས་ཡིད་རངས་པའི་རྣམ་པ་གསལ། ཚེ་སྒྲུབ་སྐབས་མཐོ་གང་ཙམ་རིང་དུ་སོང་བའི་ཚེ་མདའ་དེ་ཚེ་མདུད་གནང་ཏེ། ༧གོང་ས་སྐྱབས་མགོན་མཆོག་ལ་ཕུལ་བས་༧གོང་ས་མཆོག་ཐུགས་དགྱེས་ཚོར་ཆེན་པོ་གནང་སྟེ། གཏེར་ཆེན་མཆོག་ལ་མཚན་སྙན་དང་གོ་གནས་བསྩལ་བ་མཛད། ཚེ་མདུད་གནང་བའི་ཚེ་མདའ་དེ་ད་ལྟ་རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་གསེར་གདུང་གི་ནང་རྟེན་གཙོ་བོའི་གྲས་སུ་བཞུགས་པར་གྲགས། ཡང་དྲང་དོན་དུ་འགྲེལ་ན་རྗེ་བླ་མ་འདི་ཉིད་ཀྱི་མཛད་པ་རྣམ་ཐར་ལ་ཕྲག་དོག་གི་དུག་ཆུས་ཡིད་མྱོས་པའི་གཞུང་གི་སྐུ་དྲག་འགའ་ཞིག་གིས་གསོལ་སྟོན་ཁ་གཡར་ནས་གདན་ཞུས་ཚུལ་གྱིས་དུག་ཕུལ་ཏེ་བཀྲོང་རྩིས་བྱས་སྐབས། དུག་བླུགས་པའི་དཀར་ཡོལ་བཀྲ་ཤིས་རྟགས་བརྒྱད་རི་མོ་རྣམ་པར་གསལ་བའི་ཁ་ཕྱག་གིས་བསྡམས་སྟེ། འདི་ནི་རྙེད་པར་དཀའ་བའི་འདོད་པ་འཇོ་བའི་དཔག་བསམ་ཤིང་ལ་འཁྲུངས་བྱུང་ཞེས་པ་སྟེ། དུག་དེ་དུག་སེལ་ལ་བྱིན་གྱིས་བརླབས་ནས་སྨན་མཆོག་ཏུ་བསྒྱུར། (སྟག་ཕུའི་དུག་སེལ་ཞེས་པ་དེ་ཡིན།) ཕྱིས་སུ་ཕ་ཡུལ་དུ་ཕེབས་རྗེས་དུག་ཕོག་པ་ནད་པ་བཅུ་དྲུག་ལ་སྲོག་སྐྱོབ་གནང་བའི་ཚུལ་ལོ་རྒྱུས་ལས་འབྱུང་ངོ་། །
རྐང་པ་གསུམ་པས་དུག་འབུལ་མཁན་ལ་རི་དྭགས་རུ་རུའི་སྙིང་རྗེ་རྒྱས་པའི་སྐོར།
རི་དྭགས་རུ་རུའི་སྙིང་རྗེ་ལ་རྒྱས་བྱུང་།།
ཞེས་གསུངས། དོན་ནི་རི་དྭགས་རུ་རུའི་སྙིང་རྗེ་ཞེས་པའི་ཚིག་འདི་ལ་དཔགས་ན། གཞན་གྱི་ལྐོག་གཡོ་ངན་ཇུས་ལ་བརྟེན་ནས་ཁོང་ལ་དུག་དྲངས་མཁན་དེ་ཁོང་གིས་ཡུན་རིང་དྲིན་གྱིས་བསྐྱངས་པའི་འབྲེལ་ཡོད་ཞིག་མིན་ནམ་སྙམ། དེ་ཡང་རི་དྭགས་རུ་རུའི་སྐྱེས་རབས་ལས། འདི་ལྟར་བྱང་ཆུབ་སེམས་དཔའ་རེ་ཞིག་ཅིག་དགོན་པའི་ཤིང་སཱ་ལ་ལ་སོགས་པའི་ནགས་ཚལ་ཆེན་པོར། རི་དྭགས་པྲྀ་ཥ་ལ་སོགས་པ་མང་པོ་རྒྱུ་བ། མིའི་རྒྱུན་ལུགས་མེད་པའི་ས་ཕྱོགས་ཅིག་ན། རི་དྭགས་རུ་རུ་གསེར་བཙོ་མའི་ཁ་དོག་གསལ་བ་འདྲ་བ། གཟུགས་ལྟ་ན་རབ་ཏུ་སྡུག་པ་བདག་ཉིད་ཆེན་པོ་དེ་ནགས་ཚལ་སྟུག་པོ་དེ་ན་གནས་བཅས་ཤིང་འདུག་པ་ལས། དེ་དང་ཉེ་བ་ཅིག་ན་འབབ་ཆུ་དྲག་པོས་མི་ཞིག་ཁྱེར་ནས་ངུ་ཞིང་འབོད་པའི་སྒྲ་ཐོས་པར་གྱུར་ཏོ།
དེ་ནས་བྱང་ཆུབ་སེམས་དཔའ་དེས་སྙིང་རྗེ་རྗེ་སྐད་དུ་ངུ་ཞིང་འབོད་པའི་སྒྲ་དེས་སྙིང་ལ་བརྡེག་པ་བཞིན་དུ་གྱུར་ནས། སྙིང་རྗེས་གདུངས་ནས་མིའི་སྐད་དུ་ཕྱུང་སྟེ། དེ་བསྒྲལ་ཕྱིར་སྲོག་ཡལ་བར་བོར་ཡང་མི་སེམས་པར་འབབ་ཆུ་དྲག་པོའི་འཇིང་དེར་བཞུགས་ཏེ་སྲོག་བསྐྱབས་ལམ་ཡང་བསྟན་ནས་དེ་ལ་སོང་ཞེས་བཏང་། དེ་ལ་མི་དེས་ཚིག་སྙན་པ་འདི་ལྟར་སྨྲས་པ། བདག་གི་སྲོག་འདི་ཁྱོད་ཀྱི་ལགས། །ཁྱོད་ཀྱི་དོན་དུ་ཅུང་ཟད་ཙམ། །དགོས་པ་ཅིག་ཏུ་སྤྱད་ནས་སུ། །བདག་ལ་རབ་ཏུ་བཀའ་དྲིན་ཆེ། །དེ་བས་ཅི་བགྱི་བཀའ་སྩལ་བས། །བདག་ལ་རྗེས་སུ་བཟུང་བར་རིགས། །ཁྱོད་ལ་གང་དུ་ཅི་འཚལ་བ། །དེ་ནི་བདག་ཉིད་བསྐྱེད་དུ་གསོལ། །དེ་ནས་བྱང་ཆུབ་སེམས་དཔས་དེ་ལ་གུས་པར་སྨྲས་པ། སྐྱེ་བོ་དམ་པ་དྲིན་གཟོ་རྨད་མི་ཆེ། །དེ་ཡི་ཆོས་ཉིད་རང་བཞིན་གྲུབ་པ་ཡིན། །འགྲོ་བ་རྣམས་ནི་འགྱུར་བ་མང་དུ་མཐོང་། །བྱས་པ་དྲིན་དུ་གཟོ་བ་དེང་སོང་ཡོན་ཏན་ཆེ། །དེ་བས་ན་ཁྱོད་ལ་གདམས་པ་ནི་ཕན་བཏགས་པ་རྗེས་སུ་དྲན་པར་བྱ་བ་ན། སེམས་ཅན་འདི་ལྟ་བུ་ཞིག་གིས་བདག་ཆུའི་ནང་ནས་ཕྱུང་ངོ་ཞེས་ཁྱོད་སུ་ལ་ཡང་མ་ཟེར་ཅིག །ངའི་ལུས་འདི་ཡང་ཤ་བཟར་རུང་བས་རབ་ཏུ་ཆགས་པར་གྱུར་པ་ཅིག་ཡིན་ལ། མི་རྣམས་ཀྱི་སྙིང་ཡང་འདོད་པ་ཆེ་ལ་བག་མེད་པ་མང་སྟེ། དེ་བས་ན་བདག་གི་ཡོན་ཏན་དང་། ང་ཡང་ལེགས་པར་བསྲུང་བར་རིགས། །ཁྱོད་ལ་ཕན་པར་འདོད་པའི་ཕྱིར་རོ། །དེས་ཀྱང་དེ་བཞིན་བགྱིའོ་ཞེས་མཉན་ནས་ཕྱག་འཚལ་ཏེ། སེམས་དཔའ་ཆེན་པོ་དེ་ལ་བསྐོར་བ་བྱས་ནས་རང་གི་ཁྱིམ་དུ་སོང་ངོ༌། །
དེའི་ཚེ་ཡུལ་དེའི་རྒྱལ་པོ་ཞིག་གི་བཙུན་མོ་རྨི་ལམ་རྣོ་བ་ཞིག་ཡོད་དེ། དེ་ཡང་རྨི་ལམ་ངོ་མཚར་ཆེ་བ་གང་དང་གང་མཐོང་བ་དེ་དང་དེ་དག་དེ་བཞིན་དུ་འགྱུར་རོ། །དེ་རེ་ཞིག་ཅིག་གཉིད་ཀྱིས་ལོག་པ་ལས་ཐོ་རངས་ཀྱི་རྨི་ལམ་དུ། རི་དྭགས་རུ་རུ་ཞིག་རིན་པོ་ཆེ་ཐམས་ཅད་བརྩེགས་པའི་ཚོགས་བཞིན་དུ། དཔལ་རབ་ཏུ་འབར་བ་སེང་གེའི་ཁྲི་སྟེང་ན་འདུག་ཅིང་། རྒྱལ་པོ་དང་བཅས་པའི་འཁོར་གྱིས་ཡོངས་སུ་བསྐོར་ཏེ་ཚིག་གསལ་ཞིང་སྡེབ་ལེགས་པས་ཆོས་འཆད་པ་མཐོང་ངོ༌། །དེ་ནས་སེམས་དེ་ལས་ངོ་མཚར་ཆེར་བཟུང་བ་ལས། རྒྱལ་པོ་བཞེངས་སུ་གསོལ་བའི་རྔ་སྒྲ་ཐོས་ཏེ་སད་པ་དང་སྤོབས་ཤིང་གནང་བའི་སྐབས་ཤིག་ཏུ་རྒྱལ་པོ་དེའི་སྤྱན་སྔར་སོང་སྟེ། རྨི་ལམ་བཟང་པོ་རྒྱལ་པོ་ལ་གསོལ་ནས། ལྷ་གཅིག་དེ་བས་རི་དྭགས་བཟང་པོ་དེ། །རྙེད་པའི་སླད་དུ་ནན་ཏན་བསྐྱེད་དུ་གསོལ། །རི་དྭགས་རིན་ཆེན་དེ་ཡིས་ཕོ་བྲང་ནང་། །མཁའ་ལ་སྐར་མ་བཞིན་དུ་མཛེས་པར་མཛོད། །དེ་ནས་རྒྱལ་པོ་དེས་བཙུན་མོ་དེའི་རྨི་ལམ་རྣོ་བ་ཡིན་པས། དེའི་ཚིག་མཉན་ཏེ་དེ་དགའ་བར་བྱ་བ་དང་། རི་དྭགས་རིན་པོ་ཆེ་རྙེད་པར་འདོད་པས། རི་དྭགས་དེ་བཙལ་བའི་ཕྱིར་རྔོན་པ་ཐམས་ཅད་ལ་བསྒོས་ཏེ། ཉིན་རེ་ཞིང་ཡང་ཕོ་བྲང་དམ་པའི་འཁོར་དུ་འདི་སྐད་སྒྲོགས་སུ་བཅུག་གོ། །རི་དྭགས་གསེར་གྱི་མདོག་ཅན་རིན་ཆེན་སྣ་ཚོགས་ཀྱིས། །ལུས་བརྒྱན་གྲགས་པ་ཐོས་སམ་གང་གིས་མཐོང་ཡང་རུང་། །དེ་ནི་རབ་ཏུ་སྟོན་པ་རྒྱལ་པོས་ཡུལ་གྲུ་མཆོག །བཞི་བཅུ་ཙམ་དང་བུད་མེད་རབ་ཏུ་སྡུག་པ་སྦྱིན། །དེ་ནས་མི་དེས་སྐད་དུ་བསྒྲགས་པ་ཡང་དང་ཡང་དུ་ཐོས་ནས། དབུལ་བའི་སྡུག་བསྔལ་བསམས་ནས་སེམས་ནི་ཡོངས་སུ་སྐྱོ། རི་དྭགས་རུ་རུས་ཕན་པ་ཆེར་བྱས་པ་ཡང་དྲན། བརྐམ་པ་དང་ནི་ཕན་བཏགས་དེ་ནི་དྲན་པས་ན། །སྙིང་ནི་བར་མ་དོར་གྱུར་དེ་དང་དེ་དག་སེམས། །དེ་ནས་འདོད་ཆེན་གྱི་གཡེན་སྤྱོ་བའི་བློ་ཅན་དེས་འདི་སྙམ་དུ་བསམས་སོ། །ནོར་མང་པོ་རྙེད་དེ་ཕུན་སུམ་ཚོགས་པར་གྱུར་ན། མཛའ་བཤེས་དང་ནང་མི་དང་མགྲོན་དང་ཕོངས་པ་རྣམས་ཀྱང་མགུ་བར་བྱེད་ཅིང་། བདེ་བ་ཉམས་སུ་མྱོང་བར་བྱས་ནས། འཇིག་རྟེན་ཕ་རོལ་གྱི་དོན་བསྒྲུབ་ཀྱང་ནུས་སོ་སྙམ་དུ་ངེས་པར་བསམས་ནས། རི་དྭགས་རུ་རུས་ཕན་པ་ཆེན་པོ་བྱས་པ་དེ་ནི་བརྗེད་དེ། རྒྱལ་པོའི་དྲུང་དུ་སོང་ནས་སྨྲས་པ། ལྷ་རི་དྭགས་ཀྱི་མཆོག་དེ་གང་ན་གནས་པ་བདག་གིས་འཚལ་ཏེ་སུ་ལ་སྟོན་པར་བགྱི་བཀའ་སྩལ་དུ་གསོལ། རྒྱལ་པོ་དེས་དེ་སྐད་ཟེར་བ་ཐོས་པ་དང་། ཡིད་རབ་ཏུ་དགའ་བར་གྱུར་ཏོ། །བཟང་པོ་ང་ཉིད་ལ་དེ་སྟོན་ཅིག་ཅེས་སྨྲས་ནས། རི་དྭགས་བཤོར་དུ་འགྲོ་བའི་ཆ་ལུགས་སུ་ཆས་ཏེ། དམག་གི་ཚོགས་ཆེན་པོས་ཡོངས་སུ་བསྐོར་ནས་ཕོ་བྲང་དམ་པའི་ནང་ནས་བྱུང་སྟེ། མི་དེས་ལམ་དྲངས་ནས་འབབ་ཆུ་དེའི་ངོགས་སུ་སོང་ངོ༌། །ནགས་ཚལ་སྟུག་པོ་དེ་ཡང་དམག་གིས་དཔུང་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་ཏེ། ལག་ན་མདའ་གཞུ་ནི་ཐོགས་ཡིད་ཆེས་པའི་མི་རྣམས་ཀྱིས་བསྐོར་ནས། རྒྱལ་པོ་མི་དེ་ཉིད་ཀྱིས་ལམ་དྲངས་ནས་ནགས་ཚལ་སྟུག་པོ་དེ་ཉིད་དུ་ཞུགས་སོ། །དེ་ནས་མི་དེས་རི་དྭགས་རུ་རུ་དེ་བག་ཕབ་ཅིང་འདུག་བ་མཐོང་ནས། རྒྱལ་པོ་ལ་བསྟན་པ། ལྷ་རི་དྭགས་ཀྱི་མཆོག་དེ་ནི་འདི་ལགས་ཏེ། དེ་བས་ན་ནན་ཏན་ཆེ་བར་མཛད་དུ་གསོལ་ཞེས་སྨྲས་སོ། དྲིན་ལན་ལོག་འཇལ་བྱ་ངན་འདི་ལྟ་བུ་ལ་རི་དྭགས་རུ་རུ་སྙིང་རྗེ་རྒྱས་པ་བཞིན་ཁོང་ཡང་དྲིན་ལས་ལོག་མཇལ་གྱི་དུག་དྲངས་མཁན་དེ་ལ་སྙིང་རྗེ་རྒྱས་ཞེས་གསུངས་པ་མིན་ནམ་སྙམ་མོ།།
དགུ་པ་རྫོགས་རིམ་གྱི་སྐོར།
རྒྱ་ཇ་ལི་དམར་ཁ་དོག་ལ་གསལ་བྱུང་།།
འབྲི་མར་གཞོན་ནུའི་བཅུད་ཆེན་དང་བསྡེབས་ནས།།
དེ་ཝ་ད་རུའི་སྙིང་པོ་ལ་སྦར་ན།།
གནས་གསུམ་ཞིང་གི་མུན་པ་ལ་གསལ་ཡོང་།།
ཞེས་གསུངས། དོན་ནི་བདུད་རྩི་ལྔས་ཤེས་རབ་དང་ཤ་ལྔས་སྒྱུ་ལུས་མཚོན་ཞེས་གསུངས་པ་ལྟར་འདི་ཡང་། འདིས་ཀྱང་རྒྱ་ཇ་ལི་དམར་བདུད་རྩི་ངོ་བོ་འདིས་མཚོན་བྱ། སྟོང་ཉིད་བདུད་རྩི་སྟོན་མཛད་ན་ཞེས་གསུང་པ་ལྟར། ངེས་པ་དོན་གྱི་བདུད་རྩི་སྟོང་ཉིད་ཤེས་རབ་ཀྱི་རང་བཞིན་དང་། ཟས་ཀུན་གྱི་བཅུད་ཆེ་བ་འབྲིའི་མར་གསར་ཞུ་ལ་ཁད་པ་ལྟ་བུ་འདིས་མཚོན་པ་ནང་སེམས་ལ་སྦྱར་ན། སེམས་ཀུན་གྱི་སྙིང་པོའི་བཅུད་ཀྱི་དྭངས་མ་ཀུན་རྫོབ་བྱང་ཆུབ་སེམས་དང་། ཕྱི་ལུས་ལ་སྦྱར་ན་ལུས་ཀུན་གྱི་ཁམས་ཀྱི་དྭངས་མའི་སྙིང་བཅུད་ཀུན་ད་ལྟ་བུའི་བྱང་སེམས་དང་། དེ་དག་གིས་དྲངས་ཤིང་སྐྱེས་པའི་ལྷན་སྐྱེས་ཀྱི་བདེ་ཆེན་ནི། ཐབས་ཀྱི་རང་བཞིན་ཡིན་ལ། དེ་འདྲའི་ཐབས་དང་ཤེས་རབ་ནི་ཨེ་ཝྃ་གྱི་དོན་དང་། འདི་ལའང་ཕྱི་ནང་འདྲེན་བྱེད་ཀྱི་རྟགས་སོགས་ཀྱི་ཨེ་ཝྃ་རྣམས་ལྷན་ཅིག་ཚོགས་ཤིང་ཕན་ཚུན་སྡེབས་པའི་ངོ་བོ་སྙོོམ་འཇུག་རོ་གཅིག་པའི་ཡེ་ཤེས་ཀྱི་དགའ་བ་ཆེན་པོའི་སྒྲས། ཌ་རུའི་དོན་མཚོན་པ་ལྷ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་བས་གནས་གསུམ་གྱི་ཞིང་ན་བཞུགས་པའི་དཔའ་བོ་དང་། དཔའ་མོའི་ཚོགས་ཀྱིས་བྱིན་གྱིས་རླབས་པས་རྩ་རླུང་ཐིག་ལེའི་གནས་གསུམ་ལས་རུང་དུ་བྱས་པས་རྩ་མདུད་རྫོགས་པར་གྲོལ་ཏེ། ཕྲ་བའི་རླུང་སེམས་ལས་ལྡང་བའི་ཀུན་རྫོབ་སྒྱུ་མའི་སྐུ་དང་དོན་དམ་འོད་གསལ་ཆོས་ཀྱི་སྐུ་གཉིས་ཟུང་དུ་འཇུག་པའི་འཕྲིན་ལས་ཀྱི་འོད་ཕྱོགས་བཅུར་སྤྲོས་པས། ཁམས་གསུམ་འགྲོ་བའི་མུན་པ་སེལ་བར་བྱེད་ཅེས་པ་སྟེ། ཁོང་རྫོགས་རིམ་གྱི་རྟོགས་པ་མཐོན་པོ་འདི་ལྟ་བུ་ལ་ཕེབས་པར་བསྟན། འདི་ནི་མཚོན་པ་ཙམ་སྟེ་ཞིབ་ཏུ་སྤྲོས་པས་ཆོག་གོ །
རྐང་པ་མཐའ་མས་ཨ་ལ་ལ་དང་ཨེ་མ་ཧོ་ངོ་མཚར་ཆེ་ཞེས་པའི་སྐོར།
ཨ་ལ་ལ་སྟེ་ཨེ་མ་དེ་ཨ་ཧོ།།
ཞེས་གསུངས། དོན་ནི་ཨ་ལ་ལ་ནི་འབོད་ཚིག་སྟེ། ངོ་མཚར་བ་དང་ཧ་ལས་པའི་སྐབས་ངག་ནས་ཤོར་བའི་སྒྲ་ཞིག་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་འཕགས་པ་ནོར་བུ་ཆེན་པོ་རྒྱས་པའི་གཞལ་མེད་ཁང་ཤིན་ཏུ་རབ་ཏུ་གནས་པ་གསང་བ་དམ་པའི་གསང་བའི་ཆོ་ག་བཞིབ་མོའི་རྒྱལ་བའི་ལེའུ་བདུན་པའི་ཕན་ཡོན། གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་རྣ་བདུན་གྱིས་བྱུར་བུར་བཀང་སྟེ། ཉི་མ་རེ་རེ་སངས་རྒྱས་ཐམས་ཅད་ལ་འབུལ་བ་ནི་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་བསྐྱེད་པ་མ་ཡིན་གྱི། ལག་ན་རྡོ་རྗེ་གང་གིས་དེ་བཞིན་གཤེགས་པའི་གསང་བ་འདི་ལན་གཅིག་བཟླས་བརྗོད་བྱས་ན་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་དང་ལྡན་པར་འགྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་བརྗོད་ཀྱིས་མི་ལང་ངོ་། གང་གིས་དེ་བཞིན་གཤེགས་པའི་གསང་བའི་གཟུངས་ཀྱི་རྒྱལ་པོ་འདི་ལན་གཅིག་དྲན་པར་གྱུར་ན་དེ་གོང་དུ་བཤད་པའི་ཡོན་ཏན་གྱི་ཁད་པར་ཡོངས་སུ་སྒྲགས་པས་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པར་འགྱུར། མཁོ་བའི་ཡོ་བྱད་ཁྱད་པར་དུ་འཕགས་པ་ཇི་ལྟ་བ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་རྣམས་ལ་དེ་ལྟར་ཉིན་གཅིག་བཞིན་མཆོད་པ་འགྱུར་རོ། དེ་ནས་འཁོར་འདུས་པ་ཐམས་ཅད་དང་། ལྷ། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་ཐམས་ཅད་ཀྱིས་ཨ་ལ་ལ་ཞེས་ཅ་ཅོ་དང་ག་ཞའི་སྒྲ་ཆེར་བཏོན། དེ་བཞིན་ལྔ་སྡེའི་རྒྱུད་ལ་མཐོང་ལམ་སྐྱེས་པའི་ཚེ། ལྷ་རྣམས་ཀྱིས་ཨ་ལ་ལ་དེང་འཛམ་བུའི་གླིང་དུ་ཆོས་ཀྱི་འཁོར་ལོ་བསྐོར་རོ། །ཞེས་བཤད་པའི་ཕྱིར། ཨེ་མ་ཧོ་ལེགས་སྦྱར་གྱི་སྐད་བོད་སྐད་དུ་བསྒྱུར་ན་ངོ་མཚར་ཆེ་ཞེས་པའི་དོན། ཤིན་ཏུ་ངོ་མཚར་ཆེ་བའམ་རྨད་དུ་བྱུང་བའི་དོན་ལ་འཇུག་པ་སྟེ། དཔེ་ན། ཚོགས་ཀྱི་དངོས་གྲུབ་ནི། ངོ་མཚར་ཆེ་བའམ་རྨད་དུ་བྱུང་བ་མཚོན་པའི་ཚིག་བཤད་ལ། ཨེ་མ་ཧོ། འདི་ནི་དངོས་གྲུབ་ཆེན་པོ་སྟེ། འདི་ལ་གསོལ་ཞིང་གང་རོལ་པ། མཆོག་དང་ཐུན་མོངས་དངོས་གྲུབ་འབྱུང་། ཐེ་ཚོམ་མེད་པར་བླང་པར་བྱ། ཞེས་པའི་ཚིག་གི་ཐོག་མར་ཨེ་མ་ཧོ་ཞེས་སྨྲོས་པས་ངོ་མཚར་ཆེ་བའི་དོན་མཚོན་པ་བཞིན། ཀུན་རྫོབ་སྒྱུ་མའི་སྐུ་དང་དོན་དམ་འོད་གསལ་ཆོས་ཀྱི་སྐུ་གཉིས་ཟུང་དུ་འཇུག་པའི་འཕྲིན་ལས་ཀྱི་འོད་ཟེར་ཕྱོགས་བཅུར་སྤྲོས་པས། ཁམས་གསུམ་འགྲོ་བའི་མུན་པ་སེལ་བར་བྱེད་པ་ནི་ཧ་ལས་པ་དང་ངོ་མཚར་ལས་ཀྱང་ཆེས་ཤིན་ཏུ་ངོ་མཚར་ཆེ་ཞེས་པའོ། །
འདི་ལྟར་བགྱིས་པའི་རྣམ་པར་དགེ་བའི་འབྲས།།
ཚེ་རབས་ཀུན་ཏུ་འཕགས་མཆོག་འཇིག་རྟེན་མགོན།།
མ་ནོར་ལམ་བཟང་དགེ་བའི་བཤེས་མཛད་ནས།།
ས་ལམ་རིམ་གཉིས་རྟོགས་པ་མཐར་ཕྱིན་ཤོག །
འདི་བཞིན་འབྲི་རུ་སྐལ་བཟང་རྒྱལ་མཚན་གྱིས་རབ་གནས་མེ་སྤྲེལ་ཕྱི་ལོ་༢༠༡༧ ཟླ་༢ ཚེས་༨ ཉིན་མཇུག་གྲུབ་པར་བྱས་སོ།།
སྡེ་ཚན
དཔྱད་རྩོམ།
ནང་གསེས་དབྱེ་འབྱེད།
Thu 12 Oct 2017
མཛད་ཆེན་བཞི།
རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན།
འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་མཛད་ཆེན་བཞི་ལ་དཔྱད་པའི་གཏམ་ལེགས་བཤད་བདུད་རྩིའི་གཟེགས་མ།
བློ༵་གྲོས་གཏིང་མཐའ་བྲལ་བ་ཉལ་འགྲོའི་གཏེར། །
བཟ༵ང་པོའི་འཕྲིན་ལས་རླབས་ཕྲེང་བརྩེགས་པའི་ཀློང་།།
གྲ༵གས་པ༵་ཕྱོགས་ཀུན་འབར་བའི་མཛ༵ད་ཆེ༵ན་བཞི༵། །
སྔོན་མེད་ལེགས་བཤད་འདོད་འཇོའི་གཏམ་དུ་སྤེལ།།
དེ་ཡང་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་པའི་རང་གཟུགས་རྗེ་བཙུན་འཇམ་དཔལ་དབྱངས་མཐོན་མཐིང་རལ་པའི་ལན་བུ་དོར་ཏེ། དམར་སེར་མཚན་དཔེའི་འདབ་ཕྲེང་བླ་གོས་ཀྱི་ཕག་ཏུ་སྦས་ནས་ངུར་སྨྲིག་གར་གྱི་རྒྱལ་མཚན་འཛིན་པ།
སྡེ་ཚན
དཔྱད་རྩོམ།
ནང་གསེས་དབྱེ་འབྱེད།
Wed 11 Oct 2017
ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ།
རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན།
སྟོན་པ་མཆོག་དང་འཕགས་བོད་པཎ་གྲུབ་སྤྱི། །
མེས་དབོན་རྣམས་ལ་གུས་པས་རབ་བཏུད་ནས། །
ནགས་ཤོད་ནགས་ལ་ས་མཐའ་ཡོད་མེད་ཀྱི། །
དགག་སྒྲུབ་གཏམ་གྱི་སྦྱོར་བ་མདོ་ཙམ་སྤེལ། །
སྡེ་ཚན
དཔྱད་རྩོམ།
རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན།
དེང་སང་ས་སྒང་འདིའི་ཐོག་སྟོབས་ཆེན་རྒྱལ་ཁབ་དང་འབྱོར་ཆེན་གྱི་ཚོང་པ་ཚོས། ཚན་རིག་བེད་སྤྱད་དེ་ཁྲོམ་རའི་དཔལ་འབྱོར་འགྲན་རྩོད་ཀྱིས་གོ་ལ་ཧྲིལ་པོ་ཁ་ལོ་བསྒྱུར་བའི་ཚ་རླབས་ཁྲོད་། ཉིན་རེ་ནས་ཉིན་རེར་ཅ་དངོས་གསར་པ་བརྗོད་ཀྱིས་མི་ཚར་བ་བཟོ་སྐྲུན་བྱེད་ཀྱི་ཡོད།
སྡེ་ཚན
དཔྱད་རྩོམ།
Thu 05 Oct 2017
འབྲི་རུ་ཞེས་པའི་མིང་ལ་དཔྱད་པ།
རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན།
འབྲི་རུ་ནི་བོད་ཀྱི་རྒྱལ་ས་ལྷ་སའི་ཤར་ཕྱོགས་མདོ་ཁམས་ཤོད་ཆེན་བཅོ་བརྒྱད་ཀྱི་ནང་ཚན་ནགས་ཤོད་སྦས་ཡུལ་སྨན་ལྗོངས་ཞེས་ད་ལྟ་འབྲི་རུ་རྫོང་ཆགས་གནས་འདིར་འབྲི་རུའི་ས་ཡི་ལྟེ་བར་ངོས་འཛིན། ཡུལ་སྤྱིའི་ས་བབས་ནི། ཤར་དང་ཤར་ལྷོའི་ཕྱོགས་དམའ་བ་དང༌། ནུབ་དང་ནུབ་བྱང་ཕྱོགས་ཅུང་མཐོ་བ་ཡོད་པ་དང༌། རྒྱ་མཚོའི་ངོས་ནས་མཐོ་ཚད་ཆ་སྙོམས་སྨི་ ༤༠༠༠ ཡོད། ལོ་རེའི་ཆར་ཆུའི་འབབ་ཚད་ཧའོ་སྨི་ ༥༨༠ ནས ༦༥༠ བར་ཟིན་གྱི་ཡོད། ས་བབས་ཀྱི་ཁྱད་ཆོས་ནི་དབྱར་ཁར་ཚ་བ་ཆུང༌། ཉི་མ་འཆར་ཡུན་རིང༌། ཉི་འོད་འོག་ཏུ་རླངས་ཆུའི་གྲུབ་ཆ་ཉུང༌། ཆར་དང་ཁ་བ་ཅུང་མང༌། མཁའ་དབུགས་དྭངས་ཤིང་ཁོར་ཡུག་གཙང་བ། རྩི་ཤིང་དང་རྩ་ཆེའི་རི་སྐྱེས་སྔོ་སྨན་རིགས་ཀྱི་འབྱུང་ཁུངས་ཡིན་པ་ནི་ནགས་ཤོད་སྦས་ཡུལ་སྨན་ལྗོངས་ཞེས་མིང་དོན་མཚུངས་པ་ད་ལྟའི་དུས་སུ་སྨན་རིགས་ལག་སོན་ཡོད་པ་རྣམ་གྲངས300ལྷག་ཡོད་པ་འབྲི་རུའི་ལོ་རྒྱུས་སུ་གསལ། གཞན་ཡང་གཏེར་དངོས་སོགས་རང་བྱུང་གི་ཐོན་ཁུངས་ཕུན་སུམ་ཚོགས་པ་ནགས་ཤོད་འབྲི་ལྗོངས་ཕྱུག་མོ་ཞེས་རྒྱུ་མཚན་དུ་བྱས་ནས་བཏགས་པའི་རྗེས་གྲུབ་ཀྱི་ཐ་སྙད་ཞིག་ཡིན།
སྡེ་ཚན
དཔྱད་རྩོམ།
དཔྱད་རྩོམ།
སྟག་ཕུའི་ཨར་གཞས་ལེའུ་དགུ་པ་དབང་གི་རྒྱལ་པོའི་འགྲེལ་བ་དོན་གསལ་…
རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན། རྒྱལ་ཀུན་སྙིང་རྗེ་སྒྱུ་འཕྲུལ་རོལ་པའི་གར། །... རྒྱས་པར་གཟིགས་་་
Data: 26-10-2017 | ཀློག་གྲངས། 8475
མཛད་ཆེན་བཞི།
རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི... རྒྱས་པར་གཟིགས་་་
Data: 12-10-2017 | ཀློག་གྲངས། 9125
ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ།
རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན། སྟོན་པ་མཆོག་དང་འཕགས་བོད་པཎ་གྲུབ་སྤྱི། །མེས…
ཐ་སྙད་གསར་པ་ནི་བོད་མི་རིགས་ནག་ཁུང་ནས་ནག་ཁུང་དུ་འཁྲིད་བྱེད་ཀྱ…
རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན། དེང་སང་ས་སྒང་འདིའི་ཐོག…
མཆན་གསར་ཤོས།
- ད་ལྟའི་ཆར་འཛམ་གླིང་འདིའི་ཐོག་ཅ་དངོས་གསར་པ་རི་ལུག་པར་ཐ་སྙད་གསར་པའི་ཐག་པས་སྡོམ་ཐབས་མེད་པའི་དུས་འདིར། ང་ཚོར་གངས་རིས་བསྐོར་བའི་དག་ཞིང་དུ་དག་སྣང་སྒོམ་ནས་ཨུ་ཚུགས་ཀྱིས་ཟུར་སྡོད་བྱེད་ས་མེད་པར་བརྟེན།… རྩོམ་པ་པོ། : karma on Thu 12 Oct 2017 ཐ་སྙད་གསར་པ་ནི་བོད་མི་རིགས་ནག་ཁུང་ནས་ནག་ཁུང་དུ་འཁྲིད་བྱེད་ཀྱི་སྣ་ཐག་ཅིག་རེད། (དཔྱད་རྩོམ།)
མཆན་མང་ཤོད།
-
ཐ་སྙད་གསར་པ་ནི་བོད་མི་རིགས་ནག་ཁུང་ནས་ནག་ཁུང་དུ་འཁྲིད་བྱེད་ཀྱི་སྣ་ཐག་ཅིག་རེད།
རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན། …Written on Wed 11 Oct 2017 དཔྱད་རྩོམ། 1 དཔྱད་མཆན། རྩོམ་ཡིག་འདི་ཐེངས་ 7886 བཀླགས་འདུག