- མདུན་ངོས།
- དཔྱད་རྩོམ།
- མཛད་ཆེན་བཞི།
Thu 12 Oct 2017
མཛད་ཆེན་བཞི།
རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན།
འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་མཛད་ཆེན་བཞི་ལ་དཔྱད་པའི་གཏམ་ལེགས་བཤད་བདུད་རྩིའི་གཟེགས་མ།
བློ༵་གྲོས་གཏིང་མཐའ་བྲལ་བ་ཉལ་འགྲོའི་གཏེར། །
བཟ༵ང་པོའི་འཕྲིན་ལས་རླབས་ཕྲེང་བརྩེགས་པའི་ཀློང་།།
གྲ༵གས་པ༵་ཕྱོགས་ཀུན་འབར་བའི་མཛ༵ད་ཆེ༵ན་བཞི༵། །
སྔོན་མེད་ལེགས་བཤད་འདོད་འཇོའི་གཏམ་དུ་སྤེལ།།
དེ་ཡང་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་པའི་རང་གཟུགས་རྗེ་བཙུན་འཇམ་དཔལ་དབྱངས་མཐོན་མཐིང་རལ་པའི་ལན་བུ་དོར་ཏེ། དམར་སེར་མཚན་དཔེའི་འདབ་ཕྲེང་བླ་གོས་ཀྱི་ཕག་ཏུ་སྦས་ནས་ངུར་སྨྲིག་གར་གྱི་རྒྱལ་མཚན་འཛིན་པ།
མདོ་རྒྱུད་དུ་མ་ནས་ལན་གཅིག་མིན་པ་ཐར་འདོད་འཇུག་ངོགས་བདེ་བའི་ས་མཁན་དུ་ཡང་ཡང་བསྔགས་པ་གངས་ཅན་མཁས་པའི་གཙུག་རྒྱན་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་འདི་ཉིད་སྔོན་རྒྱལ་བ་དབང་བོའི་ཏོག་གི་སྤྱན་སྔར་མ་དག་པའི་ཞིང་དུ་ལུས་སྲོག་ལ་མི་ལྟ་བར་རྒྱལ་བ་དགྱེས་པའི་ལམ་བཟང་རྒྱས་པར་བྱེད་པའི་དམ་བཅའ་མཛད་པ་དང་། བདག་ཅག་གི་སྟོན་པ་འཇིག་རྟེན་དུ་བྱོན་པའི་དུས་སུ་སྟོན་པ་ལ་ཤེལ་དཀར་གྱི་ཕྲེང་བ་ཕུལ་ཏེ་བྱང་ཆུབ་ཀྱི་སེམས་བསྐྱེད་ཅིང་སྨོན་ལམ་བཏབ་པ་འི་སྨོན་ལམ་གྱི་མཐུ་དུས་སུ་སྨིན་ཏེ་འཇིག་རྟེན་དུ་བྱོན་ནས་བསྟན་པ་འབའ་ཞིག་ལ་དགོངས་པའི་མཛད་པ་མཐའ་ཡས་བསྐྱངས་པའི་ནང་ནས་མཛད་ཆེན་བཞི་ཞེས་ཡོངས་སུ་གྲགས་པ་འདི་ཉིད། གང་གིས་ཟུར་དུ་དྲངས་པ། དྲངས་པའི་དུས། ཇི་ལྟར་དྲངས་ཚུལ་དང་གསུམ་ལས། དང་པོ་ནི། མཛད་པ་འདི་རྣམས་དམངས་ཁྲོད་ཡོངས་གྲགས་ཀྱི་མཛད་པ་ཞིག་ཡིན་པར་བརྟེན། ཐ་སྙད་འདི་དམངས་ཁྲོད་དུ་ཡོངས་གྲགས་ཀྱིས་དར་ཁྱབ་སོང་ནས་མཐར་ཆོས་འབྱུང་དང་རྣམ་ཐར་རྣམས་སུ་འཁོད་པར་སེམས་སོ།།
གཉིས་པ་ནི། ཐ་སྙད་འདི་ཆོས་འབྱུང་དང་རྣམ་ཐར་རྣམས་སུ་འཁོད་པའི་ཐོག་མ་རབ་བྱུང་བཅུ་གཉིས་པའི་ས་སྟག་ཕྱི་ལོ་ ༡༦༩༨ ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྩམས་པའི་ཆོས་འབྱུང་བཻཌཱུརྱ་སེར་པོ་འདི་ཡིན་ནམ་སྙམ། འདིའི་གོང་གི་རྗེ་བླ་མའི་རྣམ་ཐར་དད་པའི་འཇུག་ངོགས་དང་། ལེགས་བཤད་ཀུན་འདུས། གསང་རྣམ་རིན་པོ་ཆེའི་སྙེ་མ། གསང་བའི་རྣམ་ཐར་གསོལ་འདེབས། ལྷོ་བྲག་གྲུབ་ཆེན་དང་མཇལ་ཚུལ་རྣམས་སུ་འཁོད་མེད་ལ། གཞན་ལོ་རྒྱུས་དང་ཆོས་འབྱུང་ཁོ་བོས་མཐོང་ཆོས་སུ་གྱུར་པ་རྣམས་སུ་མི་གསལ་ལོ།།
གསུམ་པ་ནི། མཛད་ཆེན་བཞིའི་སྐོར་དཔྱད་གླེང་གནང་མཁན་རྣམས་ཀྱིས་གསུངས་ཚུལ་སྣ་ཚོགས་ཡོད་པ་ནི། ངོ་མཚར་ཆེ་བ་དང་། བྱིན་རླབས་ཆེ་བ། སྔར་མེད་གསར་གཏོད་ཡིན་པ་སོགས་གསུངས་པ་ནི་ཡིད་བརྟན་རུང་བ་ཞིག་མ་མཐོང་། རྗེ་བླ་མས་བསྟན་པ་ལ་བྱ་བ་མཛད་ཚུལ་དེ་ཡང་གཙོ་བོར་མཁས་པའི་བྱ་བ་གསུམ་གྱིས་བསྟན་པའི་བྱ་བ་མཛད་པ་དེ་ཡིན་ལ། མཁས་པའི་བྱ་བ་རྣམ་གསུམ་ལ་ཡང་བླ་ན་མེད་པ། གོང་ན་མེད་པ་དུ་མ་ཞིག་མཛད་ཆེན་དུ་བགྲངས་མེད་པ་དཔེར་ན། མཁས་པའི་བྱ་བ་གསུམ་གྱི་ནང་ནས་དང་པོ་འཆད་པའི་སྒོ་ནས་མོན་མཁར་བཀྲ་ཤིས་གདོང་དུ་བཞུགས་པའི་ཚེ། དགེ་བཤེས་ཤ་སྟོན་ལ་སོགས་པས་ནན་གྱིས་གསོལ་བ་བཏབ་པས་ཞལ་གྱིས་བཞེས་ཏེ། ཚེས་ལྔ་ནས་ཉི་མ་གཅིག་ལ་རྒྱ་སྐད་བཅོ་ལྔའི་དབུ་དུས་གཅིག་ཏུ་བཙུགས་ནས་བསྟན་བཅོས་བཅུ་བདུན་གྱི་བཤད་པ། དཀའ་ཆེན་འགའ་ཞིག་བོད་ཊཱིཀ་ཆེན་པོ་རེ་གཞིར་བཞག་པའི་ཐོག་འགྲེལ་བའི་འཆད་ཚུལ་དུ་མ་དགག་སྒྲུབ་ཀྱིས་གཏན་ལ་ཕབ་ཅིང་། གཞུང་གཞན་རྣམས་ཕལ་ཆེ་བ་རང་རང་གི་འགྲེལ་བའི་གཞུང་ཕྲ་རགས་མ་ལུས་པ་བཤད་པ་ཞིབ་པར་མཛད་དེ། ཟླ་བ་གསུམ་ལ་རྫོགས་པར་མཛད་ཅིང་། སྲོད་ཆོས་གྲོལ་ནས་འཇིགས་བྱེད་བདག་འཇུག་ལ་སོགས་པ་ཐུགས་དམ་རིམ་གཉིས་རྣལ་འབྱོར་མ་ཆག་པར་མཛད་པ་སོགས་འཆད་པའི་སྒོ་ནས་ཆེས་ཕུལ་དུ་བྱུང་བའི་མཛད་པ་ཞིག་ཡིན་པ་ནི། ཐུའུ་ཀྭན་གྲུབ་མཐའ་ལས། ། འདི་ནི་ཐུན་མོང་བའི་རྣམ་ཐར་ནང་ནས་ཆེས་ཕུལ་དུ་བྱུང་བ་ཞིག་ཡིན་ཏེ། སྔ་ཕྱིར་བྱོན་པའི་མཁས་པ་སུ་ལའང་དེ་འདྲའི་ལོ་རྒྱུས་མི་འདུག་པས་སོ། ཞེས་གསུངས་པ་བཞིན་འཆད་པའི་སྒོ་ནས་ཆེས་ཕུལ་དུ་བྱུང་བའི་མཛད་པ་ཞིག་ཡིན་ཀྱང་མཛད་ཆེན་དུ་མ་བགྲངས་སོ།།
གཉིས་པ་རྩོད་པའི་སྒོ་ནས་དབུས་གཙང་གི་གྲྭ་ས་ཆེན་པོ་རྣམས་སུ་ཕར་ཕྱིན་གྱི་གྲྭ་སྐོར་མཛད་ཅིང་། དེ་ཚེ་ལུང་རིགས་སྨྲ་བ་བརྒྱ་ཕྲག་དུ་མའི་མདུན་སར་གཞུང་དོན་བརྒལ་བརྟགས་ཀྱིས་གཏན་ལ་འབེབས་པར་མཛད་ནས་དངོས་སྟོབས་ཀྱི་རིགས་པས་རྒོལ་བ་མཐའ་དག་གི་སྤོབས་པ་བཅོམ་ཞིང་། དེ་ནས་བཟུང་སྟེ་རྗེ་བླ་མའི་མདུན་སར་རྒོལ་བའི་དཀྱིལ་འཁོར་བཤམས་ནས་རྩོད་པ་འཛུགས་པ་སུ་ཡང་མ་བྱུང་། དེ་ཡང་ནི། མཁས་གྲུབ་སྨྲ་བའི་ཉི་མས། རྟོག་གེ་ལ་སྦྱངས་རྒོལ་བ་མཐའ་དག་གིས། །ལན་བརྒྱར་དཔྱད་ཀྱང་མགོན་པོ་ཁྱོད་ཀྱི་གསུང་། །ཆ་ཙམ་རྣམ་པ་གཞན་དུ་གཡོ་བ་སྤངས། །དག་པའི་ཐུག་མངའ་ཁྱོས་ལ་གསོལ་བ་འདེབས། །ཞེས་གསུངས་པ་བཞིན་རྩོད་པའི་སྒོ་ནས་ཆེས་བླ་ན་མེད་པའི་མཛད་པ་ཞིག་ཡིན་ནའང་མཛད་ཆེན་དུ་བགྲངས་མེད་དོ།།
གསུམ་པ་རྩོམ་པའི་སྒོ་ནས་དགུང་ལོ་ཞེ་དྲུག་བཞེས་ཚེ་རྭ་སྒྲེང་དུ་ཇོ་བོའི་སྐུ་འདྲ་དབུ་ཡོན་མ་ཆེ་བ་གྲགས་པའི་དྲུང་དུ་ཉིན་ཞག་མང་པོའི་བར་གསོལ་བ་བཏབ་པས། སྟོན་པ་ཐུབ་པའི་དབང་པོ་ནས་མཁན་ཆེན་ནམ་མཁའ་རྒྱལ་མཚན་བར་གྱི་བླ་མ་བརྒྱུད་པ་རྣམས་དང་། ཁྱད་པར་དུ་ཇོ་བོ་རྗེ། འབྲོམ་སྟོན་པ། པོ་ཏོ་བ། ཤ་ར་བ་རྣམས་ཟླ་བ་གཅིག་གི་བར་དུ་གཟིགས་ཤིང་གདམས་པ་དང་རྗེས་སུ་བསྟན་པ་མང་དུ་བསྩལ་ནས་མཐར་པོ་ཏོ་བ་གསུམ་ཇོ་བོ་ལ་ཐིམ། ཨ་ཏི་ཤས་ཕྱག་སྤྱི་བོར་བཞག་ནས་བསྟན་པ་ལ་བྱ་བ་རྒྱ་ཆེར་གྱིས་དང་། བྱང་ཆུབ་སྒྲུབ་པ་དང་སེམས་ཅན་གྱི་དོན་བྱེད་པའི་གྲོགས་བདག་གི་བྱ་ཡི་ཞེས་གསུང་གིས་དབུགས་དབྱུངས་མཛད་ཅིང་བྱིན་རླབས་ཀྱི་མཚན་མ་ཁྱད་པར་ཅན་བྱུང་བ་ལ་བརྟེན་ནས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་བཤད་བྱ་དང་། འཆད་ཚུལ། བསྐུལ་བ་པོ། གནས། འཁོར་བཅས་ཁྱད་ཆོས་ལྔས་ཁྱད་པར་དུ་འཕགས་པ་བྱང་ཆུབ་ལམ་གྱི་རིམ་པ་མཛད་པ་འདི་ནི་སྔོན་ཆད་གངས་རིའི་ཁྲོད་འདིར་སུས་ཀྱང་མ་ཐོན་པའི་ཐུན་མོང་མ་ཡིན་པའི་ཁྱད་པར་བླ་ན་མེད་པ་ཡོད་ཚུལ་ལ་བློ་སྐྱོན་མ་ཞུགས་པའི་དཔྱོད་པ་ཞིབ་པར་བྱས་ནས་ངེས་པ་རྙེད་པ་དང་། ཞེས་གསུངས་པ་ལྟར་རྩོམ་པའི་མཛད་པ་བླ་ན་མེད་པ་ཞིག་ཡིན་ནའང་མཛད་ཆེན་དུ་བགྲངས་མེད།
དེ་བཞིན་སྟོན་པ་ལ་ཤེས་ནས་དད་པ་ཐོབ་པའི་ཤུགས་ཀྱིས་དྲངས་པ། ཟབ་མོ་རྟེན་ཅིང་འབྲེལ་པར་འབྱུང་བ་གསུངས་པའི་སྒོ་ནས་བསྟོད་པ་ལེགས་པར་བཤད་པའི་སྙིང་པོ་དང་། བསྟན་བཅོས་ཀྱི་དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་ལེགས་པར་བཤད་པའི་སྙིང་པོ། རྩ་ཤེའི་རྣམ་བཤད་ཆེན་མོ་སོགས་རིན་ཐང་གཞལ་དུ་མེད་པ་རྟགས་དང་མཚན་མ་བྱིན་རླབས་ཀྱི་ཚན་ཁ་འབར་བ་མཐའ་ཡས་པ་ཡོད་ཀྱང་རེ་རེ་བཞིན་རྒྱུ་མཚན་ཞིབ་བཀོད་མི་དགོས་པར་དེ་ཙམ་གྱིས་ཆོག་པ་བྱས་སོ།།
གཞན་ཡང་བསྟན་པ་རིན་པོ་ཆེའི་རྨང་དཀའ་བ་ཆེན་པོས་གཞི་ནས་བཙུགས་པའི་ཚུལ་དད་པའི་འཇུག་ངོགས་ལས། དེ་ནས་ཡང་གཉལ་ལ་བྱོན་ཏེ། གཉལ་སྨད་སེང་གེ་རྫོང་དུ་བཞུགས། གསེར་ཕྱེ་འབུམ་པ་ལ་མཆོད་པ་ཆེན་པོ་ཕུལ་ཞིང༌། དེར་འདུལ་བའི་ཆོས་མང་དུ་གསུངས། ལག་ལེན་ཕྲན་ཚེགས་རུང་ཆུ་འདེབས་པ་ཡན་ཆད་ཞིབ་པར་མཛད། ཡོན་ཏན་ཐམས་ཅད་ཀྱི་གཞི་མ་ཁས་བླངས་པའི་ཚུལ་ཁྲིམས་དག་དགོས་པ་ཡིན། ངེད་ལ་ནི་སོ་སོར་ཐར་པའི་ཕམ་ལྷག་སྦོམ་པོ་དང་བཅས་པའི་ལྟུང་བ་འོང་མ་མྱོང༌། ལྟུང་བྱེད་ཉེས་བྱས་དང་བཅས་པ་འགའ་རེ་བྱུང་བ་རྣམས་བཤགས་བསྡམ་བྱེད་གསུང་ནས་མཛད་ཅིང་འཁོར་རྣམས་ཀྱང་ཚུལ་དེ་ཉིད་ལ་སྦྱར་བར་མཛད་དེ། གངས་རིའི་ཁྲོད་འདིར་སངས་རྒྱས་ཀྱི་བསྟན་པ་ཆེས་ཆེར་ཉམས་པར་གྱུར་པ་ལ། གཏིང་ནས་མ་བཟོད་པའི་ཐུགས་ཀྱི་ཤུགས་དྲག་པོས། བསྟན་པ་རིན་པོ་ཆེའི་རྨང་དཀའ་བ་ཆེན་པོས་གཞི་ནས་བཙུགས་པར་མཛད་པས། ཕྱི་རབས་གངས་རིའི་ཁྲོད་ཀྱི་སྐྱེ་བོ་ཡོངས་ལ། རྒྱལ་བ་ཉིད་དང་མཚུངས་པར་བཀའ་དྲིན་ཆེ་བ་ཡིན་ནོ། ཞེས་བསྟན་པའི་རྨང་བཙུགས་པའི་མཛད་པ་འདི་ལྟ་བུ་མཛད་ཆེན་དུ་བགྲངས་མེད་པས་ངོ་མཚར་དང་བྱིན་རླབས་ཆེ་བ་ཙམ་ནི་མཛད་ཆེན་དུ་བགྲངས་པའི་རྒྱུ་མཚན་འགྲོ་བར་དཀའ་སྙམ་མོ།།
འོ་ན་རང་ལུགས་ཀྱི་གཏད་སོ་གང་ཞིག་ཡོད་ཟེར་ན་བཤད་པ་བྱ་སྟེ། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་མཛད་པ་མཐའ་ཡས་དཔག་པར་དཀའ་བའི་མཛད་པའི་ནང་ནས་མཛད་པ་དེ་དང་དེ་བསྐྱངས་པ་འཇིག་རྟེན་ནམ་དམངས་ཁྲོད་ལ་ཡོངས་སུ་གྲགས་པ་དང་། ལོ་ལྟར་མཛད་པ་དེ་རྗེས་དྲན་གྱིས་དུས་ཆེན་ནམ་དུས་དྲན་སྲུང་བརྩི་བྱེད་པའི་ལམ་སྲོལ་ཡོད་པའི་མཛད་པ་ཞིག་ལ་མཛད་ཆེན་དུ་བགྲངས་ཡོད་པ་ནི་མཛད་ཆེན་བཞི་སོ་སོའི་བྱུང་རིམ་ལ་ཕྱི་མིག་ལྟས་ན་གསལ་བར་མཐོང་ཐུབ། གོང་གི་མཁས་པའི་བྱ་བ་གསུམ་དང་བསྟན་པའི་རྨང་དཀའ་བ་ཆེན་པོས་གསོས་པའི་མཛད་པ་རྣམས་མཛད་ཆེན་དུ་མ་བགྲངས་པའི་རྒྱུ་མཚན་དམངས་ཁྲོད་དུ་ཡོངས་གྲགས་མིན་པ་དང་། དེས་རྐྱེན་པས་དུས་དྲན་སྲུང་བརྩི་བྱེད་པའི་ལམ་སྲོལ་མེད་པའི་གནད་འདི་ལ་ཐུག་ཡོད། དམངས་ཁྲོད་ལ་ཡོངས་སུ་གྲགས་པ་དང་། དུས་དྲན་སྲུང་བརྩི་བྱེད་པའི་ལམ་སྲོལ་ཡོད་པའི་མཛད་པ་ལ་མཛད་པའི་གྲངས་བགྲངས་པ་ཁུངས་མེད་པ་མ་ཡིན་ཏེ། མཛད་པའི་གྲངས་བགྲངས་པ་ལ་དཔྱད་ན་སྟོན་པ་ཐུབ་པའི་དབང་པོའི་མཛད་པ་བཅུ་གཉིས་ཟུར་དུ་དྲངས་པ་སྔ་དུ་སུ་རྒྱ་གར་དམངས་ཁྲོད་དུ་ཡོངས་གྲགས་ཆེ་ལ། དུས་དྲན་སྲུང་བརྩི་བྱེད་པའི་ཕྱག་སྲོལ་ཡོད་པའི་མཛད་པ་བཅུ་གཉིས་གྲངས་བགྲང་བ་ཡིན་ལས་ཆེ། གཞན་སྟོན་པའི་མཛད་པ་ཇི་སྙེད་ཅིག་ཡོད་པ་ལས་འདིར་བཅུ་གཉིས་བགྲངས་པ་གང་ཡིན་ཞེས་དྲིས་པ་ན། གཅིག་གི་རྗེས་ཟློས་གཅིག་གིས་བྱས་ཏེ་གཅིག་རྗེས་གཉིས་མཐུད་ཀྱིས་སངས་རྒྱས་ཀྱི་མཛད་པ་རྣམས་ལ་བསམ་གྱིས་མི་ཁྱབ་ཀྱང༌། འདིར་གདུལ་བྱ་གྲངས་ལ་དགའ་བ་རྗེས་སུ་གཟུང་བ་དང༌། གཙོ་ཆེ་བ་རྣམས་ཉེ་བར་བཟུང་བ་ནི། མདོ་དང་བསྟན་བཅོས་ཚད་ལྡན་རྣམས་སུ་མཛད་པ་བཅུ་གཉིས་ཀྱི་ཐ་སྙད་མཛད་པའི་ཕྱིར་ཞེས་བསྡུས་གྲྭའི་རིགས་ལམ་འགོག་པའི་ལན་འདྲ་བོ་ཞིག་ལས། ཡིད་བརྟན་རུང་པའི་ལན་ཞིག་མེད། ལར་ནས་གདུལ་བྱ་གྲངས་ལ་དགའ་བ་རྣམས་གྲངས་གནས་བཅུ་གཉིས་ལ་དགའ་དགོས་པའི་རྒྱུ་མཚན་ཅི་ཞིག་ཡོད། གྲངས་གནས་བཅུ་གཉིས་ཀྱིས་གདུལ་བྱ་གྲངས་ལ་དགའ་བ་རྣམས་རྗེས་སུ་ཇི་ལྟར་འཛིན་ཐུབ། གདུལ་བྱའི་ཁམས་དང་མོས་པ་མི་འདྲ་བ་ཡིན་དུས་གཅིག་བཅུ་གཉིས་དགའ་ནའང་། གཅིག་ཤོས་བཅུ་གསུམ་ལ་དགའ་བ་ལོས་ཡོད། མཛད་ཆེན་བཞི་ཞེས་ཟུར་དུ་གྲངས་བགྲངས་པའི་ཁུངས་མཛད་པ་བཅུ་གཉིས་ཡིན་པའི་དཔེ་མཚོན་གསར་ཤོས་ཆོ་འཕྲུལ་དུས་ཆེན་ཡིན་པ་ནི་འོག་ནས་འབྱུང་བ་བཞིན་ཡིན།
ཆོ་འཕྲུལ་དུས་ཆེན།
སྟོན་པ་ཤཱཀྱ་ཐུབ་པ་སངས་རྒྱས་ནས་ལོ་བདུན་པ་སྟེ་རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་དུ་བཞུགས་པའི་དུས་ན་མུ་སྟེགས་ཀྱི་སྟོན་པ་རྫོགས་བྱེད་དང་། ཀུན་ཏུ་རྒྱུ་གནག་ལྷས་ཀྱི་བུ། སྨྲ་འདོད་ཀྱི་བུ་མོའི་བུ་ཡན་ལག་རྒྱལ་བ་ཅན། མི་ཕམ་སྐྲའི་ལྭ་བ་ཅན། ཀྱཏྱའི་བུ་ནོག་ཅན། གཅེར་བུ་བ་གཉེན་གྱི་བུ་སྟེ་མུ་སྟེགས་སྟོན་པ་དྲུག་པོས་ཡུལ་དེའི་རྒྱལ་པོ་གཟུགས་ཅན་སྙིང་པོ་སོགས་ཡུལ་ཁག་སོ་སོའི་རྒྱལ་པོ་རྣམས་ལ་སྟོན་པ་ཤཱཀྱ་ཐུབ་པ་དང་ཆོ་འཕྲུལ་འགྲན་རྒྱུའི་འདུན་པ་བྱས་པར་སྟོན་པས་ཞལ་གྱིས་བཞེས་ཤིང་ཡུལ་ཁམས་མང་པོའི་རྒྱལ་པོ་དང་བློན་འཁོར་མང་པོ་མཉན་ཡོད་དུ་འདུས། སྤྱི་ལོ་སྔོན་གྱི་ལོ༥༡༡མེ་འབྲུག་ཟླ་༡ ཚེས་༡ནས་༡༥བར་ཉིན་རེ་ཆོ་འཕྲུལ་མི་འདྲ་བ་རེ་བསྟན་ནས་ཚེས་བརྒྱད་ཉིན་མུ་སྟེགས་སྟོན་པ་དྲུག་ཕམས་པར་མཛད་ནས་རྫོགས་བྱེད་ཆུ་ལ་ལྕེབས། གཞན་ལྔ་འཁོར་དགུ་ཁྲི་དང་བཅས་སྟོན་པ་ཤཱཀྱ་ཐུབ་པར་སྐྱབས་སུ་གསོལ་ཏེ་ནང་པའི་བསྟན་པ་ལ་ཞུགས་པ་ཡིན་པས་ཚེས་གཅིག་ནས་ཚེས་བརྒྱད་བར་འགྲན་ཟླ་ཡོད་པའི་ཆོ་འཕྲུལ་དང་། དེ་ནས་ཚེས་བཅོ་ལྔའི་བར་འགྲན་ཟླ་མེད་པའོ་ཆོ་འཕྲུལ་དུ་གྲགས། དེ་ལ་དྲན་གསོ་ཞུ་ཕྱིར་མཉན་ཡོད་དུ་ཆོ་འཕྲུལ་མཆོད་རྟེན་རྩིག་པ་(བཅོམ་ལྡན་འདས་ཀྱིས་མཉན་ཡོད་དུ་ཆོ་འཕྲུལ་བསྟན་ཏེ་མུ་སྟེགས་སྟོན་པ་དྲུག་ཕམ་པ་མཛད་པའི་ཚེ་ལི་ཙ་བྱི་སོགས་ཀྱིས་ཛེ་ཏའི་ཚལ་དུ་བཞེངས་པའི་མཆོད་རྟེན་ཞིག)དང་ལོ་དེའི་ཕྱི་ལོ་ནས་མཉན་ཡོད་དུ་ལོ་རེ་བཞིན་ འཕགས་ཡུལ་གྱི་ཆོས་རྒྱལ་རྣམས་ཀྱི་སྐུ་རིང་དུ་བདེ་བར་གཤེགས་པའི་རྟེན་གསུམ་ཁྱད་པར་ཅན་དང་དགེ་འདུན་གྱི་སྡེ་རྣམས་ལ་ཟང་ཟིང་གི་བསྙེན་བཀུར་རྒྱ་ཆེན་པོས་ཆོ་འཕྲུལ་མཆོད་པའི་དུས་ཆེན་ཚུགས་ཏེ་རྒྱ་གར་དུ་དར་ཁྱབ་ཆེན་པོ་བྱུང་།
དེ་བཞིན་དུ་བོད་ཡུལ་འདིར་ཡང་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་བསྟན་པ་རིན་ཆེན་ཕྱོགས་བཅུར་རྒྱས་པ་དང་། འཇིག་རྟེན་བདེ་ལེགས་ཆེན་པོས་ཁྱབ་པ་སོགས་ཚད་མེད་པའི་ཐུགས་བསྐྱེད་ཀྱིས་རབ་བྱུང་བཅུ་བདུན་པའི་ས་མོ་གླང་གི་ལོར་རྗེ་ཉིད་དགུང་ལོ་ང་གསུམ་ཕེབས་པ་སྤྱི་ལོ ༡༤༠༩ ལ་ལྷ་ལྡན་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ཞིག་གསོ་མཛད་ཅིང་། ཁྱད་པར་ཇོ་བོ་ཤཱཀྱ་མུ་ནེའི་སྣང་བརྙན་མ་འོངས་ཀླུ་ཡུལ་དུ་གཤེགས་པའི་ལུང་བསྟན་ཡོད་པར་དེ་ལས་ཕྱིར་བསྲིངས་ཕྱིར་ངེས་པ་ལྔ་ལྡན་གྱི་ལོངས་སྐུར་ཞལ་བསྒྱུར་བའི་གསེར་ཟངས་བཙོ་མ་ལས་གྲུབ་པའི་དབུ་རྒྱན། ཇོ་བོ་མི་བསྐྱོད་རྡོ་རྗེ་དང་བཅུ་གཅིག་ཞལ་ལ་དངུལ་ལས་གྲུབ་པའི་དབུ་རྒྱན་གོང་མཚུངས་ཕུལ་བས་མཚོན་རྟེན་མཆོག་རྣམས་ཀྱི་སྤྱན་སྔར་མཆོད་སྤྲིན་དང་། དགེ་འདུན་ཁྲི་ཕྲག་བརྒལ་བར་ཉིན་ཞག་བཅོ་ལྔའི་རིང་བསྙེན་བཀུར་རྒྱ་ཆེར་མཛད་ནས་ལྷ་ལྡན་སྨོན་ལམ་ཆེན་མོ་ཞེས་འཇིག་རྟེ་ཡོངས་གྲགས་ཀྱི་སྲོལ་བཏོད། དེ་ནས་བཟུང་སྟེ་ལོ་སྟར་ཆོ་འཕྲུལ་དུས་ཆེན་རྗེས་དྲན་གྱིས་དུས་ཆེན་ལ་སྲུང་བརྩི་བྱེད་པའི་ལམ་སྲོལ་ཡོད་པ་ཞིག་ལ་མཛད་ཆེན་དུ་བགྲངས་སོ།།
གཉལ་གྱི་ལུང་རྭ་ཆེན་མོ།
དད་པའི་འཇུག་ངོགས་ལས། དེ་ནས་གཉལ་སྟོད་རྭ་གྲོང་དུ་བྱོན། དབྱར་བཞུགས་མཛད། སློབ་དཔོན་རིན་པོ་ཆེ་དར་མ་རིན་ཆེན་པའི་ཞལ་སྔ་ནས་དཀའ་བཅུའི་གྲྭ་སྐོར་མཛད་ཚར་ནས། དེར་མཇལ་བ་ལ་ཕེབས། དེའི་ཚེ་རྭ་གྲོང་མཁན་པོ་ལ་ཞལ་ཏ་གནང་ནས་ཁོང་གིས་སྦྱིན་བདག་གི་མཐིལ་ལེན་བྱས། གཞན་ཡང་དད་འབུལ་མང་དུ་བྱུང་བ་ལ་བརྟེན་ནས། གཉལ་ཕྱོགས་ཀྱི་དགེ་འདུན་གྱི་སྡེ་ཕལ་ཆེ་བའི་སྡེ་སྣོད་འཛིན་པ་ཐམས་ཅད་བསྡུས་ཏེ་ཆོས་ཀྱི་འཁོར་ལོ་ཞག་མང་པོའི་བར་དུ་མཛད་ཅིང༌། དེ་བར་དགེ་འདུན་ཚོགས་པ་ལ་ཞབས་ཏོག་བསྙེན་བཀུར་ཕུན་སུམ་ཚོགས་པ་གྲུབ། དེ་ཡང་གཉལ་གྱི་སྡེ་པ་རྣམས་ཕན་ཚུན་གྲལ་སོགས་ལ་ཡེ་མི་འཆམ་པས་ལྷན་ཅིག་ཏུ་ཚོགས་པ་མི་སྲིད་པ་ཙམ་ཡིན་པ་ལ། དེ་དུས་རྗེ་ཉིད་ཀྱི་ཐུགས་རྗེའི་སྟོབས་དང་ཐབས་མཁས་པའི་དབང་གིས་ཐམས་ཅད་རྩོད་པ་མེད་ཅིང༌། དམ་པའི་ཆོས་ཀྱི་དགའ་སྟོན་གྱིས་དུས་འདའ་བར་གྱུར་ལ། དེར་རྗེ་ཉིད་ཀྱིས་སོ་སོ་ལ་དད་འབུལ་དང་བསྙེན་བཀུར་རྒྱུན་པའི་ཁས་ལེན་གྱི་དད་བསྐུལ་སོགས་ཀྱི་ཞལ་ཏ་གནང་བས། ཐམས་ཅད་སྤྲོ་དགའ་དང་བཅས་པར་གྱུར་ཏེ། དེང་སང་གི་བར་དུའང༌། དེའི་ལོ་དུས་ལ་ཆོས་འཁོར་ཞག་མང་པོ་རེ་བྱེད་པ་མ་ཆག་པར་ཡོད་ལ། དེའི་ཚེ་སྔར་ལྟར་ཐམས་ཅད་རྩོད་པ་མེད་ཅིང༌། ཆོས་འཁོར་དེ་ལས་གཞན་པའི་སྐབས་སུ་ནི་ཕན་ཚུན་གྲལ་སོགས་ལ་རྩོད་པ་དང་བཅས་པས་ལྷན་ཅིག་འདུ་འགོད་མི་བྱེད་དོ།། ཞེས་དེང་སང་གི་བར་དུའང༌ཞེས་དེའི་ལོ་དུས་ལ་ཆོས་འཁོར་ཞག་མང་པོ་རེ་བྱེད་པ་མ་ཆག་པར་ཡོད་ཅེས་དད་འཇུག་དུ་གསལ་བ་བཞིན་དམངས་ཁྲོད་ལ་ཡོངས་གྲགས་ཀྱི་རྗེས་དྲན་དུས་ཆེན་ལ་སྲུང་བརྩི་བྱེད་པའི་ལམ་སྲོལ་ཡོད་པ་ཞིག་ལ་གཉལ་གྱི་ལུང་རྭ་ཆེན་མོ་ཞེས་མཛད་ཆེན་དུ་བགྲངས་སོ།།
དགའ་ལྡན་སྒྲུབ་མཆོད།
བོད་ཀྱི་སྲོལ་རྒྱུན་དུས་ཆེན་སྐལ་བཟང་མིག་གི་དགའ་སྟོན་ལས། སྟག་རྩེ་སྒྲུབ་མཆོད་ནི་རྗེས་ཙོང་ཁ་བ་ཆེན་པོའི་མཛད་ཆེན་བཞིའི་ཡ་གྱལ་དགའ་ལྡན་སྒྲུབ་མཆོད་ཀྱི་ཕྱག་ལེན་ལ་བརྟེན་ནས་གསང་སྔགས་རྒྱུད་སྡེ་བཞིའི་སྒྲུབ་ཐབས་བཞིན་གསང་བདེ་འཇིགས་གསུམ་དང་། དུས་འཁོར། ཕྱག་རྡོར་འཁོར་ཆེན་སོགས་ཀྱི་ཡང་དག་ཆོ་ག་ཉམས་བཞེས་ཀྱིས་རྒྱུན་འཁྱོངས་བྱེད་པའི་དུས་བཟང་སྒྲུབ་མཆོད་ཅིག་ཡིན་ལ། དེ་ནི་བོད་ཟླ་གཉིས་པའི་ཚེས་གསུམ་ནས་བཅོ་ལྔ་བར་འཚོགས་བཞིན་ཡོད། ཕྱག་སྲོལ་དེ་ཐོག་མར་བོད་རབ་བྱུང་བདུན་པའི་མེ་མོ་བྱ་སྟེ་སྤྱི་ལོ༡༤༡༧ལོར་རྗེ་བདག་ཉིད་ཆེན་པོས་གསང་སྔགས་ཀྱི་སྒྲུབ་མཆོད་ཁང་ཡངས་པ་ཅན་གྱི་གཙུག་ལག་ཁང་གསར་བཞེངས་མཛད་ནས་དགའ་ལྡན་སྒྲུབ་མཆོད་ཆེན་མོ་གཟབ་རྒྱས་ངང་བོད་ཡུལ་ཡོངས་ལ་གྲགས་པ་ཞིག་སྤེལ། ཡིན་ཡང་བར་སྐབས་ཤིག་ནས་དེའི་རྒྱུན་བསྐྱང་མ་ཐུབ་པར་ཉམས་དམུས་སུ་གྱུར་པས། སྟག་རྩེ་མི་དབང་ལྷ་རྒྱལ་རབ་བརྟན་གྱིས་མཐུན་རྐྱེན་གང་མཁོ་སྦྱར་ཏེ་ཡང་བསྐྱར་ཉམས་གསོ་བྱས་ཀྱང་ཡུན་རིང་མ་ལོན་པར་དེ་ཡང་རྒྱུ་རྐྱེན་དུ་མའི་དབང་གིས་ཉམས་རྒུད་དུ་སོང་། དེ་ནས་ཝང་འགྱུར་མེད་རྣམ་རྒྱལ་གྱིས་སྲིད་དབང་བཟུང་བའི་སྐབས་སུ་གཞུང་ནས་མཐུན་རྐྱེན་སྦྱར་ཏེ་བསྐྱར་གསོ་གནང་བ་ད་ལྟ་ཡང་མ་ཉམས་པར་སྟག་རྩེ་སྒྲུབ་མཆོད་ཅེས་ཡུལ་ཕྱོགས་དེ་ན་ལོ་རེ་བཞིན་ཕྱག་ལེན་འཐུས་ཚང་དུ་སྤེལ་གྱིན་མཆིས། སྒྲུབ་མཆོད་སྤེལ་བའི་ཕྱག་ལེན་ནི་གསེར་གདུང་ཁང་གི་མདུན་དུ་བྱང་རྩེ་གྲྭ་ཚང་གི་འདོན་བཟང་བ་རྣམས་ཀྱིས་དཔལ་གསང་བ་འདུས་པ་མི་བསྐྱོད་པའི་རྡུལ་ཚོན་དང་ཤར་རྩེ་གྲྭ་ཚང་གི་འདོན་བཟང་བ་རྣམས་ཀྱིས་ཡངས་པ་ཅན་དུ་འཇིགས་བྱེད་ལྷ་བཅུ་གསུམ་མའི་རྡུལ་ཚོན། ལྷོ་པ་དང་ཐེ་བོ། མངའ་རིས་བཅས་ཀྱི་ཁང་ཚན་ནས་ཡངས་པ་ཅན་དུ་བདེ་མཆོག་ལུ་ཨི་བའི་རྡུལ་ཚོན། ཤར་རྩེ་གྲྭ་ཚང་གི་དུས་འཁོར་བ་རྣམས་ནས་ཚོགས་ཆེན་སྟེང་དུ་དུས་འཁོར་གྱི་རྡུལ་ཚོན་སྒྲུབ་མཆོད་སྤེལ་བ་ཡིན།
གཞན་ཡང་བསམ་བློ་དང་རྡོ་ར་བཅས་ཀྱི་ཁང་ཚན་ནས་ཀྱང་རྣམ་སྣང་མངོན་བྱང་དང་། ཧར་གདོང་ལ་ཕྱག་རྡོར་འཁོར་ཆེན། ཚ་བ་དང་ཀླུ་འབུམ་གཉིས་ལ་རྡོར་དབྱིངས། ཏྲེ་ཧོར་དང་རྒྱལ་རོང་། གོ་བོ་བཅས་ལ་མི་འཁྲུགས་པ། ཅོ་ནེ་དང་སོག་པོ་གཉིས་ལ་ཀུན་རིག ཟུང་ཆུར་ཚེ་དཔག་མེད་ལྷ་དགུ ཕུ་ཁང་ལ་གནས་བརྟན་ཕྱག་མཆོད་བཅས་ཁང་ཚན་སོ་སོར་དཀྱིལ་འཁོར་ལ་བརྟེན་པའི་སྒྲུབ་མཆོད་ཕྱག་ལེན་མཛད་སྲོལ་རེ་ཡོད། ས་དེའི་མང་ཚོགས་ཀྱི་སེམས་སུ། སྒྲུབ་མཆོད་ཀྱི་སྐབས་དེར་གནས་མཆོག་ཙ་རིའི་ལྷ་ཚོགས་ཐམས་ཅད་དགའ་ལྡན་དུ་བཞུགས་ཡོད་པར་འདོད་པས། སྒྲུབ་མཆོད་ཀྱི་རིང་ལ་དད་ལྡན་མང་ཚོགས་རྣམས་དགའ་ལྡན་གླིང་སྐོར་དུ་ཕེབས་ན་གནས་ཆེན་ཙ་རིར་དངོས་སུ་གནས་སྐོར་ལ་སོང་བ་ལྟ་བུའི་བྱིན་རླབས་དང་ཕན་ཡོན་མཆིས་པར་བཤད། དེ་བས་དབུས་ཀྱི་ལྷ་ས་དང་ལྷོ་ཁ། འབྲི་གུང་། འཕན་པོ། མལ་གྲོ་སོགས་ནས་མང་ཚོགས་བགྲང་གིས་མི་ལང་བ་དགའ་ལྡན་དུ་སྟག་རྩེ་སྒྲུབ་མཆོད་ལ་ཕེབས་ནས་དུས་ཆེན་ལ་རོལ་སྲོལ་ཡོད། ཅེས་གསལ་བ་བཞིན། དམངས་ཁྲོད་ཀྱི་སྤྱི་ཚོགས་སུ་ཡོངས་གྲགས་ཐོག་རྗེས་དྲན་གྱིས་དུས་ཆེན་ལ་སྲུང་བརྩི་བྱེད་པའི་ལམ་སྲོལ་ཡོད་པ་ཞིག་ལ་དགའ་ལྡན་སྒྲུབ་མཆོད་ཆེན་མོ་ཞེས་མཛད་ཆེན་དུ་བགྲངས་སོ།།
རྫིང་ཕྱིའི་བྱམས་པ་ཞིག་གསོ།
དད་པའི་མཇུག་ངོགས་ལས། དེ་ཡང་རྫིང་ཇིའི་གཙུག་ལག་ཁང་དེ། སྔོན་གར་མི་ཡོན་ཏན་གཡུང་དྲུང་གིས་བཞེངས་པ། ཇོ་བོ་བྱམས་པའི་སྐུ་ལི་འདྲ་མི་ཚད་ལྷག་ཙམ་ཤིན་ཏུ་བྱིན་རླབས་ཆེ་ཞིང་ངོ་མཚར་བ་བཞུགས་པ་ཕུལ་དུ་བྱུང་བ་ཞིག་འདུག་ནའང༌། ཕྱིས་ལྷ་རིས་ཐམས་ཅད་ཉམས་ཤིང་ལེགས་པར་གོགས། ཇོ་བོའི་སྐུ་དེ་ཡང་རྡུལ་ཁྲོད་ན་འོ་བརྒྱལ་ཞིང༌། སྐུ་ལ་བྱ་ཐལ་སོགས་ཀྱི་མི་གཙང་བས་གོས་པར་གྱུར་པ་གཟིགས་པས་ཐུགས་ཀྱིས་མ་བཟོད་དེ་སྤྱན་ཆབ་བྱུང་ཞིང༌། དེའི་ཞིག་གསོས་མཛད་པར་དགོངས་ནས།འོལ་ཁ་སྟག་རྩེ་བ་ལ་ཞལ་ཏ་གནང་སྟེ།རྩིག་པ་དང་ཐོག་དང་ཞལ་བ་སོགས་འཆོས་དགོས་རྣམས་ཁོང་གིས་ལེགས་པར་བསྒྲུབས་ཤིང༌། དེ་ནས་རི་མོ་བ་དཔོན་སློབ་རྣམས་ལ་རང་གིས་ཆ་རྐྱེན་དང་ཞལ་ཏ་མཛད་ནས་སྒྲུབ་པར་བརྩམས་པའི་ཚེ། དཔོན་སློབ་བཅུ་གཉིས་ཡོད་པའི་ཕྱག་རྫས་གཏོར་ཆ་སོགས་གང་ཡོད་ལ་རིན་བཏབ་པས་ཞོ་བཅུ་གཉིས་ལས་མ་བྱུང༌། ཇི་ལྟར་མཛད་ཀྱི་རྔོ་མ་ཐོགས་པ་ལ། རྣམ་སྲས་ཀྱི་འཛིན་གཏོར་ཞིག་བཅས་ནས་འཕྲིན་ལས་འཆོལ་བར་དགོངས་པའི་ཚེ་མར་མེད་པ་ལ། བཙུན་པ་ཞིག་གིས་མར་གྲོད་བུ་གང་ཕུལ། དེ་ལ་མར་གྱི་འཛིན་གཏོར་བཅས་ནས་འཕྲིན་ལས་བཅོལ་བས། དེའི་སང་ཉིན་རང་ལ། འབྲོག་པ་འགས་མར་ཐུད་མང་པོ་བཀལ་བྱུང་སྟེ་ཕུལ། དེ་ནས་བཟུང་སྟེ་འབུལ་བ་མང་པོ་རིམ་པ་བཞིན་བྱུང་བས་ཡོ་བྱད་ཀྱིས་མ་ཐོགས། འདིར་མ་ཟད་ཆོས་ལྡན་གྱི་དགོས་པ་ཁྱད་པར་ཅན་གཟིགས་པའི་སྐབས་གཞན་དུའང༌། རྣམ་སྲས་ལ་མར་གྱི་གཏོར་མ་དང་བཅས་ཏེ་འཕྲིན་ལས་བཅོལ་བས་ཡོ་བྱད་དཔག་ཏུ་མེད་པ་གློ་བུར་དུ་བྱུང་བའི་ལོ་རྒྱུས་མང་དུ་ཡོད་དོ།།
དེ་ནས་ཡར་ལུང་ཕྱོགས་ནས་ཀྱང་ལྷ་བཟོ་བ་ཚོན་རྩི་ཁྱེར་ནས་རི་མོའི་དང་བླངས་ལ་འོངས་པའང་མང་དུ་བྱུང༌། དེའི་ཚེ་ལྷ་བཟོ་བ་རྣམས་ཀྱང་བསྙེན་གནས་དང་གསོ་སྦྱོང་གི་སྡོམ་པ་ལ་བཀོད་ནས་འདྲིར་འཇུག་པ་དང༌། ལས་བྱེད་པའི་མི་ཕལ་པ་རྣམས་ཀྱང༌། ཐ་མལ་བའི་ཚིག་སྨྲ་བ་སྤངས་ནས། སྨོན་ལམ་གྱི་ཚིགས་སུ་བཅད་པ་སོགས་ཤས་ཆེར་ཁ་ཏོན་དུ་བྱེད་པས་ལས་སྒྲུབ་པ་ལ་གཞོལ་བར་མཛད་ལ། ཐོག་མར་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞིང་བཀོད་འདྲི་བའི་སྐྱ་རིས་བཏབ་ཚར་བ་དེ་ལ་རབ་གནས་ཤིག་མཛད་ནས། ཀོང་བུ་ཆུང་ཆུང་ཞིག་ཏུ་སྲོད་ཀྱི་མགོ་ལ་མར་མེ་ཕུལ་བ་སང་ཉིན་ཕྱེད་བར་དུ་མ་ཟད་པར་བཟུང༌། དེ་ནས་བཟུང་སྟེ། ཞིང་བཀོད་རེ་བྲིས་ཚར་རིམ་གྱི་རབ་གནས་མཛད་དེ། མར་མེ་ཕུལ་བ་ལ་མ་བཟུང་བ་གཅིག་ཀྱང་མ་བྱུང༌། དེ་ལྟར་རི་མོ་ལེགས་པར་གྲུབ་ནས། འཇམ་དཔལ་གསང་ལྡན་གྱི་དཀྱིལ་འཁོར་བཞེངས་ཏེ། རྗེ་ཉིད་ཀྱིས་རབ་ཏུ་གནས་པ་རྒྱས་པར་མཛད་ཅིང༌། དེའི་ཚེ་སློབ་མ་སྐལ་ལྡན་བཅུ་ལྷག་པ་ཞིག་ལ་གསང་ལྡན་གྱི་དབང་ཡང་གནང་ལ། རབ་སྟོན་མཛད་པའི་སྐབས་སུ་གདན་ས་ཕན་ཚུན་གྱི་མདོ་སྨད་པ་སོགས་ཀྱིས། གོས་དར་སོགས་ཀྱི་འབུལ་བ་མང་དུ་བྱུང་བས། རྟེན་འབུར་དུ་དོད་པ་རྣམས་ཀྱི་ན་བཟའ་ལོགས་བྲིས་ཐམས་ཅད་ལ་ཞལ་ཁེབས་དང་བཅས་པ་ལེགས་པར་གྲུབ་བོ།།
དེའི་ཚེ་རབ་གནས་དངོས་གཞིའི་ཉིན།ཐུགས་དམ་ནར་མར་མཛད་པ་དང༌། ལས་བྱེད་དང༌། བྱ་བའི་དུས་ཚིགས་འཛིན་པ་མང་པོ་ཞིག་གིས་ཐུགས་དམ་དང་བྱ་བ་སོགས་སྡར་ལས་ཆེས་སྔ་བའི་ཚོད་ལ་ཟིན་ནས།འདི་ཅི་ཞིག་སྙམ་དུ་གྲིབ་ཚོད་བཙུགས་ཤིང་ཞིབ་ཏུ་བརྟགས་པས། དེ་ཉིན་ཉི་མ་ཚད་ལས་ཆེས་རིང་དུ་གྱུར་པར་སྣང་ངོ༌། ཞེས་དུ་མ་ཞིག་མཐུན་པར་གླེང་ངོ༌།།
གཞན་ཡང༌། འགའ་ཞིག་གི་རྨི་ལམ་ན། མཁའ་འགྲོས་རི་མོ་འདྲི་བ་མཐོང་བ་དང༌། ལྷོ་བྲ་མཁན་ཆེན་ཕྱག་རྡོར་བའི་གཟིགས་སྣང་ལ། སངས་རྒྱས་རབས་བདུན་ནམ་མཁའ་ལ་བྱང་ཕྱོགས་སུ་འབྱོན་པ་གཟིགས། གང་དུ་བཞུད། ཅེས་གསོལ་བས། རྫིང་ཇིའི་རབ་གནས་ལ་སྦྱན་འདྲེན་གྱིན་འདུག།།ཅེས་གསུང་བའི་ཚེས་གྲངས་དང་རབ་གནས་མཛད་པའི་ཚེས་གྲངས་གཉིས་ཕྱིས་བརྩིས་པས་མཐུན་པར་འདུག་གོ། ཞེས་ཟེར་རོ། ཞེས་གསུངས། རྗིང་ཕྱིའི་བྱམས་པ་ཞིག་གསོས་ལེགས་གྲུབ་ཀྱི་དུས་དྲན་བསྲུང་བརྩི་བྱེད་པའི་ལམ་སྲོལ་ད་ལྟར་ཡོད་མེད་མི་ཤེས་ལ། སྔ་དུས་སུ་ཡོད་པའི་ལོ་རྒྱུས་ཁོ་བོས་ད་བར་མ་མཇལ་ཡང་མཛད་ཆེན་གཞན་རྣམས་ལ་དཔག་ནས་བདེ་བླག་ཏུ་གོ་ནུས། གཙུག་ལག་ཁང་དང་རྟེན་བཞེངས་ཀྱི་མཛད་པ་རྒྱ་ཆེན་པོ་འདི་འདྲ་བ་འཇིག་རྟེན་ནམ་དམངས་ཁྲོད་དུ་ཡོངས་གྲགས་ཀྱི་མཛད་པ་ཞིག་ཡིན་པར་སྨྲ་མི་དགོས་སོ།།
དེ་ཡང་མ་ངེས་ཏེ། ད་ལྟར་གྱི་དུས་མཛད་པ་བཅུ་གཉིས་པོ་ཆ་ཚང་བ་ལ་དུས་དྲན་སྲུང་བརྩི་བྱེད་པའི་ལམ་སྲོལ་མེད་པ་དང་། མཛད་པ་བཅུ་གཉིས་ཀྱི་གྲས་སུ་མེད་པའི་ལྷ་བབས་དུས་ཆེན་ལྟ་བུ་ད་ལྟར་སྲུང་བརྩི་བྱེད་པའི་ལམ་སྲོལ་ཡོད་པའི་ཕྱིར་ཟེ་ན། ངེད་པ་མེད་དེ། ལོ་ཉི་སྟོང་ལྔ་བརྒྱའི་ནང་སྔར་ཡོད་ཉམས་པ་དང་། སྔར་མེད་གསར་གཏོད་སོགས་ཀྱི་འཕོ་འགྱུར་ལོས་ཡོད།
སྤྱི་ཡོངས་ཀྱི་ཆ་ནས་ད་ལྟར་དུས་ཆེན་སྲུང་བརྩི་བྱེད་བཞིན་པའི་མཛད་པ་བཅུ་གཉིས་ཀྱི་ནང་ཚན་མཛད་པ་རྣམས་ལ་དཔག་ནས་མཛད་པ་གཞན་རྣམས་ལ་སྔ་དུས་སུ་དུས་དྲན་གནང་བའི་ཕྱག་སྲོལ་ཡོད་པ་རྟོགས་ཐུབ་བོ།།
རྗེ་བཙུན་ཙོང་ཁ་པ་ཡི་མཛད་པ་ལས། །རྫིང་ཕྱི་ཞིག་གསོ་གཉལ་གྱི་ལུང་རྭ་དང་། །ཆོ་འཕྲུལ་སྨོན་ལམ་དགའ་ལྡན་སྒྲུབ་མཆོད་བཅས། །མཛད་ཆེན་བཞི་རུ་བགྲང་པའི་རྒྱུ་མཚན་ནི། །དམངས་ཁྲོད་གྲགས་ཅིང་དུས་དྲན་སྲུང་བརྩི་བྱེད། །དེ་ཙམ་ཞིག་ལ་མཛད་ཆེན་བཞག་པ་ལས། །ངོ་མཚར་ཆེ་ཞིང་བྱིན་རླབས་ཆེ་བ་དང་། །སྔར་མེད་གསར་གཏོད་ཡིན་པའི་བཤད་སྲོལ་རྣམས། །ཡིད་བརྟན་རུང་བའི་རྒྱུ་མཚན་མ་མཐོང་ངོ། །འདི་ལྟར་བགྱིས་པའི་རྣམ་དཀར་དགེ་བའི་འབྲས། །ཚེ་རབས་ཀུན་ཀུ་འཇམ་མགོན་བསྟན་དང་མཇལ། །མཚན་ལྡན་བཤེས་གཉེན་དམ་པས་རྗེས་བཟུང་སྟེ། །ས་དང་ལམ་གྱི་ཡོན་ཏན་མཐར་ཕྱིན་ཤོག །
ཕྱི་ལོ་ ༢༠༡༤ ཕྱི་ཟླ་༣ཚེས་༨ཉིན་སྤེལ།
རྩོམ་ཡིག་འདི་ཐེངས་ 9125 བཀླགས་འདུག
མཐའ་མའི་བསྐྱར་བཅོས། Sat 02 Dec 2017
སྡེ་ཚན
དཔྱད་རྩོམ།
ནང་གསེས་དབྱེ་འབྱེད།
གསར་ཤོས་དག : འབྲི་ཚང་།
འབྲེལ་ཡོད་དག
སྡེ་ཚན་འདིའི་ནང་ད་དུང་རྩོམ་ཡིག་མང་
« ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ།
སྟག་ཕུའི་ཨར་གཞས་ལེའུ་དགུ་པ་དབང་གི་རྒྱལ་པོའི་འགྲེལ་བ་དོན་གསལ་སྒྲོན་མེ། »
དཔྱད་མཆན་འགོད་ས།
རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་འབྲི་རུ་སྐལ་བཟང་རྒྱལ་མཚན་གྱི་ཡིག་ཚགས་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ན་ཡང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་བདག་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།
གཤམ་གྱི་སྐར་རྟགས་ཡོད་པའི་བར་སྟོང་རྣམས་ངེས་པར་འགེང་དགོས།
དཔྱད་རྩོམ།
སྟག་ཕུའི་ཨར་གཞས་ལེའུ་དགུ་པ་དབང་གི་རྒྱལ་པོའི་འགྲེལ་བ་དོན་གསལ་…
རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན། རྒྱལ་ཀུན་སྙིང་རྗེ་སྒྱུ་འཕྲུལ་རོལ་པའི་གར། །... རྒྱས་པར་གཟིགས་་་
Data: 26-10-2017 | ཀློག་གྲངས། 8476
མཛད་ཆེན་བཞི།
རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི... རྒྱས་པར་གཟིགས་་་
Data: 12-10-2017 | ཀློག་གྲངས། 9125
ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ།
རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན། སྟོན་པ་མཆོག་དང་འཕགས་བོད་པཎ་གྲུབ་སྤྱི། །མེས…
ཐ་སྙད་གསར་པ་ནི་བོད་མི་རིགས་ནག་ཁུང་ནས་ནག་ཁུང་དུ་འཁྲིད་བྱེད་ཀྱ…
རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན། དེང་སང་ས་སྒང་འདིའི་ཐོག…
མཆན་གསར་ཤོས།
- ད་ལྟའི་ཆར་འཛམ་གླིང་འདིའི་ཐོག་ཅ་དངོས་གསར་པ་རི་ལུག་པར་ཐ་སྙད་གསར་པའི་ཐག་པས་སྡོམ་ཐབས་མེད་པའི་དུས་འདིར། ང་ཚོར་གངས་རིས་བསྐོར་བའི་དག་ཞིང་དུ་དག་སྣང་སྒོམ་ནས་ཨུ་ཚུགས་ཀྱིས་ཟུར་སྡོད་བྱེད་ས་མེད་པར་བརྟེན།… རྩོམ་པ་པོ། : karma on Thu 12 Oct 2017 ཐ་སྙད་གསར་པ་ནི་བོད་མི་རིགས་ནག་ཁུང་ནས་ནག་ཁུང་དུ་འཁྲིད་བྱེད་ཀྱི་སྣ་ཐག་ཅིག་རེད། (དཔྱད་རྩོམ།)
མཆན་མང་ཤོད།
-
ཐ་སྙད་གསར་པ་ནི་བོད་མི་རིགས་ནག་ཁུང་ནས་ནག་ཁུང་དུ་འཁྲིད་བྱེད་ཀྱི་སྣ་ཐག་ཅིག་རེད།
རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན། …Written on Wed 11 Oct 2017 དཔྱད་རྩོམ། 1 དཔྱད་མཆན། རྩོམ་ཡིག་འདི་ཐེངས་ 7886 བཀླགས་འདུག