Thu 05 Oct 2017

ཀློང་རྡོལ་དུས་ཆེན།

ཚད་གཞི།:
(5 འོས་བླུགས།)

རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན།

 

Longdtollamaཀློང་རྡོལ་དུས་ཆེན་ནི་སེར་བྱེས་ལྷོ་པ་ཁང་ཚན་གྱིས་བོད་ཟླ་བཞི་པའི་ཚེས་གསུམ་ཉིན་སྲུང་བརྩི་ཞུ་བའི་དུས་ཆེན་ཞིག་ཡིན། སྤྱིར་དུས་ཆེན་ནམ་རྗེས་དྲན་ཞེས་པའི་སྐད་དོད་ཨ་ནུ་སྨྲྀ་ཏི་ཞེས་པ་ཨ་ནུ་རྗེས་སུ་དང་། སྨྲྀ་ཏི་ཞེས་པ་དྲན་པར་བསྒྱུར་ལ། ཨ་ནུའི་སྒྲ་ནི་དམན་པ་དང་ལྷག་པ་ལ་འཇུག་པ་གཉིས་ལས། སྐབས་འདིར་ལྷག་པའི་དོན་ཏེ། ཨ་ནུ་སྨྲྀ་ཏི་ཞེས་རྗེས་སུ་དྲན་པ་ལྷག་པར་དྲན་པའི་དོན་ལ་འཇུག །མདོ་ལས། ཨཱརྱ་བུདྡྷ་སྨྲྀ་ཏི། དྷརྨ་སྨྲྀ་ཏི། སང་གྷ་སྨྲྀ་ཏི། ཞེས་འཕགས་པ་སངས་རྒྱས་རྗེས་སུ་དྲན་པ་དང་། ཆོས་རྗེས་སུ་དྲན་པ། དགེ་འདུན་རྗེས་སུ་དྲན་པའི་མདོ་ལས་རིམ་བཞིན་གསུངས་པ་བཞིན། གལ་ཆེན་གྱི་བྱུང་བ་དང་མི་སྣ་གང་ཞིག་གིས་བྱས་པའི་རླབས་ཆེན་གྱི་མཛད་པ་ལ་དྲན་གསོའམ་རྗེས་དྲན་བྱེད་པའི་དུས་ཚེས་ཤིག་ལ་དུས་ཆེན་ཟེར་བ་བཞིན། མཁས་གྲུབ་བྱེ་བའི་ཁྱུ་མཆོག་གྲུབ་དབང་ཀློང་རྡོལ་བླ་མ་རིན་པོ་ཆེའི་མཛད་པ་འཕྲིན་ལས་ལ་རྗེས་དྲན་བྱེད་པའི་དུས་ཚེས་ཤིག་ལ་ཀློང་རྡོལ་དུས་ཆེན་ཞེས་ཟེར། འདིའི་སྐོར་སེར་བྱེས་ལྷོ་པ་ཁང་ཚན་གྱི་རྟེན་གཙོའི་གྲས་སུ་བཞུགས་པའི་ཀློང་རྡོལ་རིན་པོ་ཆེའི་སྐུ་བརྙན་གྱི་དབུ་ཞྭའི་སྐོར་ལ་མཚན་བརྗོད་པར་དཀའ་བ་རིགས་བརྒྱའི་ཁྱབ་བདག་འཁོར་ལོའ་མགོན་པོ་བཀའ་དྲིན་གསུམ་ལྡན་གྱི་བླ་མ་གནས་ལྔ་རིག་པའི་དབང་ཕྱུག་སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག་མཆོག་གི་དྲུང་དུ་དགེ་བཤེས་རྒྱལ་བསྟན་མཁས་གྲུབ་དང་ངེད་གཉིས་བཅར་སྐབས་འདིའི་སྐོར་བཀའ་འདྲི་ཞུས་པའི་ལན་དུ། ཀློང་རྡོལ་དུས་ཆེན་ནི་བོད་ཟླ་བཞི་པའི་ཚེས་གསུམ་ཉིན་ཁེལ་གྱི་ཡོད་རེད། དུས་ཚོད་འདི་ནི་ཀློང་རྡོལ་བླ་མ་རིན་པོ་ཆེས་སེ་ར་ལྷོ་པ་ལ་ཚོམས་ཇ་དྲུག་བཅུ་གཏན་འཇོག་གནང་བའི་ཉིན་མོ་དེ་རེད། འདིའི་ཉིན་ཚོམས་ཇ་ཞིག་བཏང་གནང་ནས་དེའི་ཕྱི་ལོ་ནས་ལོ་རེ་ལ་ཊཾ་དཀར་རེར་བརྩིས་པའི་ལོ་དྲུག་ཅུའི་རིང་ཚོམས་ཇའི་གཏོང་ཐེབས་ཊཾ་དཀར་དྲུག་བཅུ་ཐམ་པ་འཇོག་གནང་མཛད་པ་རེད། སྐབས་དེ་དུས་ཊཾ་དཀར་རེས་ཚོམས་ཇ་རེ་འདང་ངེས་ཡོད་པ་རེད། དུས་ཆེན་ཉིན་ཁང་ཚན་གྱིས་ཚོམས་ཇ་ཚོགས་ནས་ཀློང་རྡོལ་སྐྱབས་ཐོ་ཀློག་པ་དང་། ཀློང་རྡོལ་བླ་མ་རིན་པོ་ཆེའི་སྐུ་ཆས་རྣམས་ངོ་སྤྲོད་དང་འབྲེལ་མཇལ་ཁ་གཏོང་བ་དང་། སྐབས་དེ་དུས་ཀྱི་ཚོམས་ཇའི་མ་ཐེབས་ཊཾ་དཀར་བླུག་སྣོད་ཀོ་ཁུག་ནག་པོ་འདི་ཙམ་ཞིག་ཡོད་རེད་ཅེས་ཚོད་དཔག་བྱས་ན་མཐོ་གང་དང་སོར་གསུམ་གྱི་ཚད་ཙམ་ཕྱག་གིས་གྲུ་བཞི་ནར་དབྱིབས་ཀྱི་སྟངས་ཀ་མཛད་དེ་ངོ་སྤྲོད་གནང་སོང་། འདི་ནི་སྐྱབས་རྗེ་བླ་མ་རིན་པོ་ཆེའི་ཞལ་དྲོན་མོ་ནས་གང་ཐོས་པ་རྣམས་རང་བཟོས་མ་བསླད་པར་བཀོད་པའོ། །

      སྤྱིར་དུས་ཆེན་ནམ་རྗེས་དྲན་བྱེད་པའི་ཚུལ་དང་དུས་སོགས་ཅི་རིགས་ཞིག་ཡོད་དེ། འཕགས་པ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་ངེས་པར་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའ་མདོ་ལས། རིགས་ཀྱི་བུ་བྱང་ཆུབ་སེམས་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་རྒྱན་ནི་དྲུག་པོ་འདི་དག་སྟེ། དྲུག་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་རྗེས་སུ་དྲན་པ་དང་། ཆོས་རྗེས་སུ་དྲན་པ་དང་། དགེ་འདུན་རྗེས་སུ་དྲན་པ་དང་། གཏོང་བ་རྗེས་སུ་དྲན་པ་དང་། ཚུལ་ཁྲིམས་རྗེས་སུ་དྲན་པ་དང་། ལྷ་རྗེས་སུ་དྲན་པ་སྟེ་དྲུག་པོ་འདི་དག་གོ །ཞེས་སངས་རྒྱས་པ་ཚོས་རྟག་ཏུ་མི་བརྗེད་པར་དྲན་བྱའི་ཡུལ་དྲུག་བསྟན་ཏེ་རྗེས་དྲན་བྱེད་དགོས་པ་བསྟན། དེ་བཞིན་སྐྱབས་གནས་བླ་མ་དྲན་པ་དང༌། ལུས་ལྷའི་རང་བཞིན་དྲན་པ། ངག་བཟླས་བརྗོད་ཀྱི་རང་བཞིན་དྲན་པ། འགྲོ་བ་ཐམས་ཅད་ཕ་མར་ཤེས་པ། སེམས་ཀྱི་གནས་ལུགས་སྟོང་པར་ཤེས་པ། ཞེས་བཀའ་གདམས་པས་ཉམས་ལེན་གྱི་མན་ངག་རྗེས་དྲན་ལྔ་བཞེད་པ་དང་། དེ་བཞིན་ནང་པ་ཚོས་སངས་རྒྱས་ཀྱི་མཛད་པ་རྣམས་ཀྱི་ནང་ནས་ཆོ་འཕྲུལ་བསྟན་པ་དང་། མངོན་པར་སངས་རྒྱས་པ། ཆོས་འཁོར་བསྐོར་བ། ལྷ་ལས་བབས་པའི་མཛད་པ་བཅས་ལ་དུས་ཆེན་བཞི་ཞེས་ངོས་འཛིན་གནང་ནས་དུས་ཚེས་སོ་སོར་དུས་ཆེན་ནམ་རྗེས་དྲན་བྱེད་པ་དང་། དགའ་ལྡན་ལྔ་མཆོད་དང་། སེ་རའི་བཞི་མཆོད། བཅུ་དགུ་མཆོད་པ་སོགས་རྗེ་ཙོང་ཁ་པ་དང་། བྱམས་ཆེན་ཆོས་རྗེ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་བཅས་ཀྱི་དགོངས་རྫོགས་ཉིན་དུས་ཆེན་ནམ་རྗེས་དྲན་སྲུང་བརྩི་བྱེད་ཀྱི་ཡོད།

 

  བཞི་པའི་ཚེས་གསུམ་ཉིན་གདན་ས་ཆེན་པོ་སེར་བྱེས་མཁས་སྙན་གྲྭ་ཚང་གི་རིགས་ཆེ་ཆུང་གི་ཚོགས་ལངས་མིང་བཏགས་སྤྲོད་པའི་དུས་ཚེས་ཀྱང་ཁེལ་བས་དེ་དང་ཀློང་རྡོལ་དུས་ཆེན་དབར་འབྲེལ་བ་ངེས་ཅན་ཞིག་ཡོད་སྲིད་ལ། གཅིག་བྱས་ན་སྟེས་དབང་སྟབས་ཁེལ་ཀྱང་ཡིན་སྲིད། གང་ལྟར་ཀློང་རྡོལ་བླ་མ་རིན་པོ་ཆེས་རྣམ་དཀར་བསོད་ནམས་ཀྱི་མཆོད་སྦྱིན་རྒྱ་ཆེར་སྤེལ་བའི་ཚོམས་ཇ་གཏན་འཇོག་གནང་བའི་དུས་ཚེས་དང་ཏག་ཏག་ཁེལ་ཡོད། ཉིན་དེར་ཁོང་ཤམ་བྷ་ལ་ནས་སེ་ར་ལྷོ་པར་ཕེབས་པའི་ཞལ་བཞེས་གནང་བར་ཤོད་སྲོལ་ཡོད་པ་བཞིན། བཞི་པའི་ཚེས་གསུམ་ཉིན་ཁང་ཚན་ནས་ཀློང་རྡོལ་བླ་མ་རིན་པོ་ཆེ་ཉིད་ཀྱིས་མཛད་པའི་རྣམ་ཐར་མགུར་མ་གསུངས་སྟེ་བླ་མའི་མཛད་འཕྲིན་དྲན་བཞིན་རྗེས་དྲན་གྱི་དུས་ཆེན་བསྲུང་བརྩི་དང་འབྲེལ་ལོ་སྟར་ཚོགས་འཁོར་དང་དགེ་འདུན་ལ་བསྙེན་བཀུར་ཟབ་རྒྱས་ཞུ་བ་དང་། ཁོང་གིས་ཞལ་བཞེས་བཞིན་ཉིན་དེར་དངོས་སུ་ཕེབས་ཀྱི་ཡོད་པའི་རྟེན་འབྲེལ་མཚོན་སླད་དུ་བཞུགས་ཁྲི་བཤམས་པ་དང་འདུས་མང་ཡོངས་ཀྱིས་ཞུགས་ཁྲིར་མཇལ་ཁ་ཞུ་བ་སོགས་སྐལ་བཟང་གི་དུས་སྟོན་གལ་ཆེན་ཞིག་ལ་ངོ་འཛིན་ཞུ་བཞིན་ཡོད། སྔ་མོའ་དུས་སུ་ཁོང་གི་སྐུ་ཆས་འཇོག་སའི་སྒམ་ནག་པོ་ཞིག་ཡོད་པ་དེ་ཁང་ཚན་གྱི་གཉེར་པས་གྲལ་མཐའ་ནས་ཁ་ཕྱེ་སྟེ་སྐུའི་ཉེར་སྤྱད་རྣམས་ཚོགས་དབུས་སུ་དགེ་འདུན་རེ་རེའི་ཕྱག་ཏུ་འགྲེམས་ནས་མཇལ་ཁ་དང་བྱིན་རླབས་ཞུ་བ་སོགས་ཀྱི་སྒོ་ནས་རྗེས་དྲན་གནང་སྲོལ་ཡོད་འདུག །

 

    མཁས་གྲུབ་ཀྱི་སྐྱེས་ཆེན་དམ་པ་འདི་ལྟ་བུའི་མཛད་པ་འཕྲིན་ལས་རྗེས་དྲན་ཞུ་བར་བྱེད་པ་ལ་ཐོག་མར་ཁོང་གི་མཛད་རྣམ་རགས་རིམ་ཙམ་ཞིག་བློ་ངོར་ཤར་བར་བྱ་རྒྱུ་གནད་ཀྱི་དོན་པོ་ཡིན། དེར་བརྟེན་ཀློང་རྡོལ་བླ་མ་ངག་དབང་བློ་བཟང་ནི་ཆབ་མདོ་དགོན་པའི་ཉེ་འགྲམ་དབེེན་ཕུ་ཞེས་བྱ་བར་ཡབ་སྔགས་འཆང་དབང་འབུམ་དང་། ཡུམ་འཇང་བཟང་འབུམ་སྐྱིད་ཀྱི་གཉིས་སུ་ས་མོ་ཕག་༡༧༡༩ལོར་སྐུ་བལྟམས། དགུང་ལོ་དྲུག་པར་བློ་བཟང་དགེ་འདུན་ལ་དགེ་བསྙེན་ཞུས། དགུང་ལོ་བདུན་པར་ཆབ་མདོ་དགོན་པའི་ཆོས་གྲྭར་ཞུགས། དགུང་ལོ་བཅུ་གཉིས་པར་ཕུར་ལྕོགས་ངག་དབང་བྱམས་པའི་མདུན་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་བླངས། དགུང་ལོ་བཅུ་བདུན་པའི་བར་ཡབ་ཡུམ་གྱི་མདུན་འབྲི་ཀློག་སྦྱངས། སྐབས་དེར་ཆབ་མདོར་ཐན་པས་ལོ་ཉེས་བྱུང་སྟེ་ཁོང་ཡབ་སྲས་ཚང་མ་སྡོད་ཐབས་བྲལ་ཏེ་ཚ་བ་རོང་སོགས་སུ་སྤྲང་འཁྱམས་ལོ་གསུམ་ཕེབས་དགོས་ཐུག །ཚུར་ཆབ་མདོར་ཕེབས་ནས་མི་རིང་བར་བྲག་གཡབ་དགོན་པའི་བླ་མ་དགེ་འདུན་བཀྲ་ཤིས་ནས་སྨད་ཆུ་བར་དགོན་པའི་སྤྲུལ་སྐུ་ཡིན་པའི་གཏམ་གླེང་ལ་བརྟེན། ཆུ་དབར་དགོན་དུ་ཕེབས། རྗེ་ཙོང་ཁ་པའི་ལམ་རིམ་ཆུང་བའི་ཡིག་རྒྱུགས་ཕུལ། རྒྱུགས་ལེགས་པོ་བྱུང་ནས་ཐུགས་སྤྲོ་བ་ཚད་མེད་འཕེལ།

 

       འོན་ཀྱང་ཡུན་མི་རིང་བར་བླ་མ་དགེ་འདུན་བཀྲིས་ནས་རྒྱུ་ནོར་སྤེལ་ཕྱིར་འབུལ་སྡུད་ལ་བརྫངས། དཀོན་ནོར་གྱི་ཆེད་དུ་ཁྱི་ལྡོམ་ལྟར་ཕྱོགས་ཀུན་ཉུལ་དགོས་བྱུང་བས་ཐུགས་ཚད་མེད་སྐྱོ། དགུང་ལོ་ཉི་ཤུ་པར་ལི་ཐང་དགོན་ཆེན་དུ་ཆོས་གྲལ་ཞུགས། ལོ་གསུམ་གྱི་བར་བསྡུ་གྲྭ་སོགས་སྦྱངས།དགུང་ལོ་ཉེར་བཞི་པར་དབུས་ལྷ་ལྡན་དུ་བྱོན་ནས་བཀྲིས་ལྷུན་པོ་དང་སེ་འབྲས་དགེ་གསུམ། རྒྱུད་སྟོད་སྨད་སོགས་མཇལ་རྗེས་སེ་ར་ཐེག་ཆེན་གླིང་བྱེས་པ་གྲྭ་ཚང་གི་ཆོས་གྲྭར་ཞུགས། དགུང་ལོ་སུམ་བཅུ་པར་རྗེ་ཕུར་ལྕོགས་ངག་དབང་བྱམས་པའི་མདུན་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། བྱེས་གྲྭ་ཚང་དུ་ཆོས་ཞུགས་མཛད་ནས་མཁས་པ་ཆེན་པོ་སྒོམ་སྡེ་བརྩོན་འགྲུས་ཀྱི་དྲུང་དུ་བསྡུས་གྲྭའི་བརྩི་བཞག་ནས་བཟུང་གསན་སྦྱོང་གནང་བའི་འགོ་བཙུགས་ཏེ་རིམ་གྱིས་ཐུགས་གཉེར་ལ་འགྲུས་པར་མཛད་པས་གཞུང་ཆེ་ཆུང་གི་དཀའ་གནད་རྣམས་ལ་གོ་བ་ལེགས་པར་ཆགས་ཀྱང་གཞན་གྱི་སྣང་ངོར་མི་ཤེས་ཚུལ་གྱི་བརྫུ་ཁོ་ན་མཛད། ཉིན་པར་རྩོད་གྲྭ་དང་མཚན་མོ་སྐྱོར་སྦྱངས་ལ་བརྩོན་པ་མཛད། ཆོང་རྒྱག་རྩམ་པ་དང་ཇ་ཟད་ནས་དྲུག་བཅུ་མ་བསྔོས་པའི་གཏོར་མ་རྣམས་ཀྱང་བླངས་ནས་བཞེས་དགོས་བྱུང་། གྲྭ་སར་བཞུགས་སྐབས་མི་གཞན་དང་བག་མེད་པའི་འཕྲོས་པ་མི་བྱེད་པར་རང་ཚུགས་བཟུང་ནས་བཞུགས་ཤིང་། ཆོས་གྲྭར་ཡང་རང་གི་གོ་རྟོགས་གང་ཤར་ཀྱང་གཞན་ལ་ཤེས་མདོག་མི་མཛད་པར་མི་མཁྱེན་པའི་ཚུལ་ཁོ་ན་མཛད། ཕེབས་ལམ་དུ་མི་ཆེ་ཆུང་སུ་འདྲ་ཞིག་ཐུག་ཀྱང་བཟུར་བཟུར་དང་མཛེས་མཛེས་རིགས་མི་གནང་། ཚེ་འདིར་ཆེས་ཆེར་མི་མཛད་པར་ཆོས་ཁོ་ན་དང་བསྟུན་ཅིང་མཛེས་ལམ་དང་མཁས་གྲགས་དོན་དུ་མི་གཉེར། ལོ་བཅོ་ལྔའི་རིང་ཐོས་བསམ་མཛད་དེ་མདོ་སྔགས་རིག་གནས་ཀུན་ལ་མཁས་པ་ཆེན་པོ་གྱུར། སྔ་ཕྱིར་རྗེ་ངག་དབང་བྱམས་པ་དང་། རྒྱལ་བ་བསྐལ་བཟང་རྒྱ་མཚོ་ལས་འཇམ་དཔལ་ཞལ་ལུང་དང་། གསང་སྡེ་འཇིགས་གསུམ་གྱི་དབང་ཁྲིད་བཅས་ཟབ་ཆོས་མང་དུ་ཐོབ། བར་སྐབས་ཤིག་ལ་ལྷོ་གྲོ་བོ་ལུང་གི་དགོན་པར་གནས་མཇལ་བྱོན། རྗེ་མར་པ་ལོ་ཙཱའི་སྐུ་བརྙེན་ལ་ཕྱག་བཅས་གསོལ་བ་བཏབ། བདེ་སྟོང་དབྱེར་མེད་ཀྱི་ཉམས་རྟོགས་བཟང་པོ་འཁྲུངས། ནོར་ཟང་ཟིང་ལ་སྙིང་པོ་མེད་པར་རྟོགས་ནས། དངུལ་བྲེ་ཆེན་བརྒྱ་ཡི་དགེ་འདུན་པར་མང་འགྱེད་བཏང། གོས་དར་དཀར་པོ་ལ་ཐུབ་པ་རིགས་གསུམ་དང་སྒྲོལ་མ་བཅས་ཀྱི་སྐུ་ཉི་ཁྲི་ལྔ་སྟོང་ལྷག་བཏབ། ནོར་ལྷག་མ་རྣམས་ཀྱང་མར་ངན་སློང་ལ་སྦྱིན་པ་དང་། ཡར་དཀོན་མཆོག་ལ་མཆོད་པ་བཅས་ལ་བཏང་ནས་བྱ་བྲལ་བ་མཛད་དེ། སྙེ་ཐང་ཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེའི་སྒྲུབ་ཕུག་ཀློང་རྡོལ་དུ་སྐུ་ཚེ་མཐར་མ་ཕྱིན་པར་མཚམས་གཅད་ནས་བཞུགས། དེ་ནས་བཟུང་ཀློང་རྡོལ་བླ་མ་ཞེས་པའི་མཚན་ཐོབ། ཁོང་ནི་ལུང་རྟོགས་ཀྱི་ཡོན་ཏན་ལ་དོན་གཉེར་མི་བྱེད་པར། བླ་མ་ཆེ་གེ་མོའ་ཡང་སྲིད་རེད་ཟེར་བ་དང་། གྲུབ་ཐུབ་ཆེ་གེ་མོའི་སྤྲུལ་སྐུ་རེད་ཟེར་བའི་མིང་སྐམ་ལ་བརྟེན་ནས་སྐྱེ་བུ་དམ་པར་རློམ་པ་རྣམས་ལ་ཐུགས་མི་དགྱེས་ཤིང་། ཉམས་ལེན་སྙིང་པོ་བྱས་ནས་རང་སེམས་འདུལ་བར་མི་བྱེད་པར། ཚིག་གི་རྩོད་པ་ཁོ་ནས་མི་ཚེ་ཧྲིལ་པོ་གྲོན་པར་བྱེད་མཁན་དག་ལ་དགག་པ་ནན་སྨིན་མཛད་མཁན་ཞིག་ཡིན་ཏེ། ཁོང་གི་གསུང་ལས། ཚུལ་བསྟན་ཚུལ་བཟུང་ཚོད་མི་བཟུང་རྟགས་ཀྱི།།དམ་པ་བསྒྲུབ་དང་དམ་པའི་སྐྱེ་བ་ཡི།།ལམ་ཞུགས་གང་ཟག་བསྒྲུབ་ལ་བདག་མི་མགུ །དེ་ལྟར་བྱས་ན་ཡུལ་དབུས་སྐྱེས་པ་ཡི། །ཕོ་སྐྱེས་དཔའ་བོ་མོ་སྐྱེས་དཔའ་མོ་དང་། །དེ་དག་ཐམས་ཅད་རིགས་གསུམ་མགོན་པོ་དང་། །སྒྲོལ་མའི་སྤྲུལ་པ་བདག་གིས་བསྒྲུབ་པར་ནུས། །སྐབས་དོན་ཕིགས་ཤིང་གཞན་སྐྱོན་འགོག་པ་ལ། །མཁས་པའི་མཁས་པ་བློ་བཟང་གྲགས་པ་ལྟར། །མདོ་རྒྱུད་ནས་བཤད་ས་ལམ་བགྲོད་རྟགས་རྣམས། །འདི་ལ་འདི་ཡོད་གསུངས་པས་ལོག་རྟོག་གི །བྲག་རི་གནམ་ལྕགས་རྡོ་རྗེས་གཞོམ་དུ་གསོལ། །དེ་ལྟར་མིན་པ་ཆོས་བརྒྱད་ཕུག་བཞག་ནས། །ཚིག་རྩོད་ངན་སྨྲས་ཤགས་ངན་རྒོད་པ་དང་། །རང་རྒྱལ་གཞན་ཕམ་ད་ལྟའི་བཀའ་རམས་དང་། །དགེ་བཤེས་ཕྱག་ལེན་སོར་བཞག་གནང་མི་རིགས། །ཞེས་སོགས་གསུངས། 

    ཁོང་གིས་རྒྱལ་བ་བསྐལ་བཟང་རྒྱ་མཚོོ་དང་། ཕུར་ལྕོགས་ངག་དབང་བྱམས་པ། པཎ་ཆེན་དཔལ་ལྡན་ཡེ་ཤེས། ལྕང་སྐྱ་རོལ་པའི་རྡོ་རྗེ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་སོགས་མཁན་གྲུབ་གཉིས་ལྡན་གྱི་བླ་མ་བཅུ་གསུམ་ཙམ་བསྟེན་ནས་མདོ་སྔགས་རིག་གནས་མ་ལུས་པ་ཚིག་གིི་གོ་བ་ཙམ་ལ་མ་བཞག་པར་དོན་རྣམས་ཚུལ་བཞིན་ཉམས་སུ་ལེན་པའི་སྒོ་ནས་རང་རྒྱུད་སྨིན་པར་མཛད་ཅིང་། རང་ཅག་ཕྱི་རབས་པ་དག་ལ། གསུང་རབ་མིང་གི་རྣམ་གྲངས་དང་། ས་བཅད་སྣ་ཚོགས། གསན་ཡིག་དང་བརྟགས་པ་སྣ་ཚོགས། རྣམ་ཐར་དང་གསུང་མགུར་སོགས་བསྟན་བཅོས་སུམ་བཅུ་སོ་གཅིག་བརྩམས་པ་རྣམས། ཚིག་ཉུང་ལ་དོན་གྱི་སྙིང་པོ་འདུས་པ། མདོ་སྔགས་གཞུང་ཆེན་དག་གི་དཀའ་གནད་རྣམས་ཀྱང་གོ་སླའི་ངག་གིིས་མདོར་བསྡུས་སུ་བཤད་ཡོད། གདུལ་བྱའི་བློ་དང་མཐུན་པར་སླ་བ་སྔོན་དང་། དཀའ་བ་རྗེས་སུ་བཀོད་པ་སོགས་ཁྱད་ཆོས་ཐུན་མོང་མ་ཡིན་པ་དང་ལྡན་པས། ཀུན་གྱིས་བཀུར་ཞིང་། གནས་ལྔ་རིག་པའི་བཅུད་མ་ལུས་པ་འདུས་ཡོད། དགུང་ལོ་དོན་དྲུག་ཏུ་ཕེབས་པ་རབ་བྱུང་བཅོ་གསུམ་པའི་ཤིང་མོ་ཡོས་ཀྱི་ལོར་༡༧༩༥སྐུའི་བཀོད་པ་བསྡུས། འདི་བཞིན་གངས་ཅན་མཁན་དབང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས་བདུད་རྩིའི་ཐིགས་ཕྲེང་ནང་བཀོད་པ་དང་། རྟ་ཚག་བསྟན་པའི་མགོན་པོས་མཛད་པའི་གྲུབ་པའི་དབང་ཕྱུག་ངག་དབང་བློ་བཟང་གི་རྣམ་ཐར་ལས་བཏུས།

   ཁོང་གི་སློབ་མ་ཀུན་མཁྱེན་དཀོན་མཆོག་འཇིཊ་མེད་དབང་པོ་དང་།  ཨ་ལགས་ཤ་བསྟན་དར་ལྷ་རམས་པ་སོགས་མཁས་པ་གྲངས་ལས་འདས་པ་བྱུང་། རྣམ་ཐར་རྒྱས་པ་མཁྱེན་འདོད་མཆིས་ཚེ། ཀུན་མཁྱེན་འཇིགས་མེད་དབང་པོས་མཛད་པའི་དཔལ་ལྡན་བླ་མ་ཀུན་སྤང་ཆེན་པོ་ངག་དབང་བློ་བཟང་དཔལ་བཟང་པོའ་རྣམ་ཐར་དད་པའི་མྱུ་གུ །རྟ་ཚག་བསྟན་པའི་མགོན་པོས་མཛད་པའི་གྲུབ་པའི་དབང་ཕྱུག་ངག་དབང་བློ་བཟང་གི་རྣམ་ཐར། རྗེ་རང་གི་རྣམ་ཐར་མགུར་མ། བློ་བཟང་ཆོས་ཀྱི་དབང་ཕྱུག་གིས་མཛད་པའི་རྗེ་བླ་མ་བཀའ་དྲིན་མཚུངས་མེད་ཀློང་རྡོལ་རྡོ་རྗེ་འཆང་ཆེན་པོའ་འཁྲུངས་རབས་དང་འབྲེལ་པའི་སྨོན་ལམ་དང་བཅས་པ་བྱིན་རླབས་མྱུར་འཇུག་སོགས་སུ་གསལ་བས་དེར་གཟིགས་པ་འཚལ།

     རྗེ་བླ་མ་འདི་ཉིད་གཞོན་ནུ་ཉིད་ནས་བསྟན་པའི་སྒོར་ཞུགས་ཏེ་དཀའ་བ་བརྒྱ་ཕྲག་དུ་མའི་སྒོ་ནས་གཞུང་ཕྱོགས་རེ་བ་དང་རགས་པ་རེས་མ་ཚིམས་པར་མདོ་སྔགས་ཀྱི་གཞུང་ལུགས་རབ་འབྱམས་ལ་མང་དུ་ཐོས་པའི་ཕ་མཐར་སོན་ཞིིང་། ཐོས་པའི་དོན་རྣམས་ཚེ་འདི་ཉིད་ཀྱི་རྙེད་པ་དང༌། མ་རྙེད་པ། སྙན་པ་དང༌། མི་སྙན་པ། བསྟོད་པ་དང༌། སྨད་པ། བདེ་བ་དང༌།མི་བདེ་བ་སོགས་ཕན་གནོད་ཕྲན་ཚེགས་ཙམ་གྱིས་དགའ་བ་དང་མི་དགའ་བར་འགྱུར་བའི་ཆོས་བརྒྱད་ལ་མ་བཙོངས་པར་རི་ཁྲོད་དབེན་པར། དམན་པའི་ས་བཟུང་། གྱི་ནའི་ཟས་གསོལ། ཧྲུལ་པོའ་གོས་གྱོན་ཏེ་ལྟོ་གོས་གཏམ་གསུམ་ལ་གྱོང་བསྐུར་ནས་ཐོས་དོན་སྒྲུབ་པས་ཉམས་སུ་བླངས་པས། རྒྱུ་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་རྟོགས་པ་རྣམས་ཐུགས་རྒྱུད་ལ་འཁྲུངས་ཏེ།  འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་རིམ་གཉིས་ལ་བསླབས་པས་ཟུང་འཇུག་གི་གོ་འཕང་ལ་རེག་པའི་བླ་མ་འདི་ལྟ་བུའི་སྐུ་གསུང་ཐུགས་ཀྱི་མཛད་པ་འཕྲིན་ལས་ལ་རྗེས་དྲན་བྱ་རྒྱུ་བྱུང་བ་ནི་རང་ཅག་རྣམས་ཀྱི་བསོད་ནམས་ཀྱི་བགོ་སྐལ་ཞིག་ཏུ་སེམས་སོ།།

 

      འདི་ལྟ་བུའི་དུས་ཆེན་ནམ་རྗེས་དྲན་གྱི་དགོས་པ་ནི་དུས་སྟོན་དང་ཕྱི་ཚུལ་གྱི་ལམ་ལུགས་ཙམ་དུ་མ་སོང་པར་དམ་པའི་མཛད་འཕྲིན་ལ་རྗེས་སུ་ཡི་རངས་དང་། བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་རྣམ་ཐར་ལ་རྗེས་སུ་སློབ་པ་བྱ་རྒྱུ་བཅས་ཡིན། དམ་ཆོས་པད་དཀར་ལས། རྗེས་སུ་ཡི་རང་བསོད་ནམས་ཇི་སྙེད་པ། །དེ་ཡི་བསོད་ནམས་དེ་བས་ཆེས་མང་སྟེ།།བསོད་ནམས་ཕུང་པོ་སྔ་མས་ཆར་མི་ཕོད། །ཅེས་གསུངས། རྗེ་ཙོང་ཁ་པ་ཆེན་པོས། འབད་པ་ཆུང་ངུས་རླབས་ཆེན་ཚོགས་བསྡུད་ལ། །དགེ་ལ་རྗེས་སུ་ཡི་རངས་མཆོག་ཏུ་གསུངས། །ཞེས་གསུངས་པ་ལྟར། སྐྱེས་བུ་དམ་པའི་མཛད་རྗེས་ལ་རྗེས་སུ་ཡི་རངས་བསྒོམ་ན་འབད་པ་ཆུང་ངུས་རང་རྒྱུད་ལ་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་གསོག་པ་དང་། དེ་བཞིན་སྔོན་བྱོན་སྟོན་པའི་རྣམ་ཐར། རྗེས་འཇུག་གདུལ་བྱའི་ཉམས་ལེན་ཞེས་གསུངས་པར་ལྟར་བྱང་ཆུབ་སེམས་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་རྒྱན་དྲུག་དང་། བཀའ་གདམས་པས་ཉམས་ལེན་གྱི་མན་ངག་རྗེས་དྲན་ལྔ་སོགས་རང་གི་ཉམས་ལེན་དུ་གསུངས་པ་བཞིན་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་རྣམ་ཐར་ལ་རྗེས་སུ་སློབ་པ་བྱ་རྒྱུ་བཅས་ནི་སྐྱེས་བུ་དམ་པའི་དུས་ཆེན་ནམ་རྗེས་དྲན་སྲུང་བརྩི་བྱས་པའི་དགོས་དམིགས་དེ་ཡིན་ནོ། །

 

   འཕྲོས་བཤད།     ཀློང་རྡོལ་སྐུ་འདྲ་ནི་རིན་ཐང་ཆེ་ལ་བྱིན་རླབས་ཀྱི་མཚན་ཁ་འབར་བ་བོད་ནས་གདན་འདྲེན་ཞུས་པའི་ཁང་ཚན་རྟེན་གཙོ་ཞིག་སྟེ། ཀློང་རྡོལ་བླ་མ་རིན་པོ་ཆེ་དགོངས་པ་རྫོགས་རྗེས་སུ་རྟ་ཚག་བསྟན་པའི་མགོན་པོས་( འདི་བ་རབ་བྱུང་བཅུ་གསུམ་པའི་ལྕགས་འབྲུག་ཕྱི་ལོ་ ༡༧༦༠ ལོར། མདོ་སྟོད་སྤོ་པོར་ཡབ་དར་ལུ་ཚེ་རིང་དང་ཡུམ་ཟླ་བ་བུ་ཁྲིད་གཉིས་ཀྱི་སྲས་སུ་འཁྲུངས།དཔའ་ཤོད་དགོན་དུ་གདན་སར་བཀོད། པེ་ཅིན་དུ་ལྕང་སྐྱ་རོལ་པའི་རྡོ་རྗེ་ལས་དགེ་ཚུལ་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་གསུམ་པར་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཐུགས་གཉེར་གནང་སྟེ་མཁས་པར་གྱུར། རྒྱལ་བ་འཇམ་དཔལ་རྒྱ་མཚོ་ལས་བསྙེན་པར་རྫོགས། སྲིད་སྐྱོང་གི་ཁྲིར་ལན་གཉིས་ཕེབས། དགུང་ལོ་སོ་གསུམ་པ་ཕྱི་ལོ་༡༧༩༤ལོར་ལྷ་སའི་བངས་བ་རིའི་འདབ་ཏུ། ཀུན་བདེ་གླིང་འདུས་སྡེ་བླ་བྲང་དང་བཅས་ཕྱག་བཏབ། དགུང་ལོ་ཞེ་བརྒྱད་པར་རྒྱལ་དབང་དགུ་པ་ལུང་རྟོགས་རྒྱ་མཚོ་ཕོ་བྲང་པོ་ཏ་ལར་གདན་ཞུས་མཛད་དེ་གསེར་ཁྲིར་མངའ་གསོལ།དགུང་ལོ་ང་གཅིག་བཞེས་པ་རབ་བྱུང་བཅུ་བཞི་བའི་ལྕགས་རྟ་ཕྱི་ལོ་ ༡༨༡༠ལོར་དགོངས་པ་རྫོགས། གྲུབ་པའི་དབང་ཕྱུག་ངག་དབང་བློ་བཟང་གི་རྣམ་ཐར་བཅས་རྩོམ་པོད་གསུམ་ཙམ་བཞུགས།)རང་གི་བླ་མའི་དགོངས་རྫོགས་ཚོགས་བསགས་སྒྲིབ་སྦྱོང་གི་ཆེད་དུ་སྐུ་འདྲ་བཞེངས་ཀྱི་ཡིན་གསུངས་ཏེ་ཀུན་བདེ་གླིང་གི་གསེར་དངུལ་སོགས་རིན་ཆེན་སྣ་ལྔ་བཞུ་འདུལ་གྱིས་ལུགས་སུ་བྱས་པས་སྐུ་འདྲ་བཅུ་གསུམ་ལས་མ་དོན་པའི་གྲས་ཀྱི་གཅིག་ཡིན། ད་ལྟ་ཁང་ཚན་གྱི་རྟེན་གཙོར་བཞུགས།

    ཀློང་རྡོལ་སྡེར་མ།  རྒྱུ་ཤིང་ལས་གྲུབ་པའི་སྒོར་དབྱིབས་ཅན་གྱི་ལེབ་མོ་ཞབས་ར་ཡོད་པ། ཁ་རག་ཤན་ཅན་ཞིག་ཡོད། ཁང་ཚན་གྱིས་ཆ་གསུམ་གཏོང་སྟེགས་ལ་སྤྱོད། འདི་ནི་ནད་གཅོད་གདོན་འདུལ་ལ་ནུས་པ་མངོན་གསལ་ཅན་ཞིག་ཡིན།  འདིའི་རྒྱུ་མཚན་ཤེས་མཁན་རྣམས་ཀྱི་ནད་པ་ཛ་དྲག་སོགས་ཀྱི་ཆེད་འཕྲལ་མར་གྱི་ཞབས་རིམ་སྒྲུབ་དགོས་རིགས་ཁང་ཚན་ལ་ཆ་གསུམ་འདོན་བསྐུལ་འབུལ་གྱི་ཡོད་དོ།།

ཕྱི་ལོ་༢༠༡༧ཟླ་༥ཚེས༢༦ཉིན་བྲིས།

 

རྩོམ་ཡིག་འདི་ཐེངས་ 2448 བཀླགས་འདུག མཐའ་མའི་བསྐྱར་བཅོས། Sat 02 Dec 2017

དཔྱད་མཆན་འགོད་ས།

རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་འབྲི་རུ་སྐལ་བཟང་རྒྱལ་མཚན་གྱི་ཡིག་ཚགས་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ན་ཡང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་བདག་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།

གཤམ་གྱི་སྐར་རྟགས་ཡོད་པའི་བར་སྟོང་རྣམས་ངེས་པར་འགེང་དགོས།

སྣ་ཚོགས།

ཀློང་རྡོལ་དུས་ཆེན།

རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན།   ཀློང་རྡོལ་དུས་ཆེན་ནི་སེར་བྱེས་ལྷོ་... རྒྱས་པར་གཟིགས་་་

Data: 05-10-2017 | ཀློག་གྲངས། 2449

མཆན་མང་ཤོད།