Tue 28 Nov 2017
དགེ་བཤེས་ལྷ་རམས་པ་ནགས་ཤོད་སྐལ་རྒྱན།
རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན།
མངོན་བསྟོད་སྙིམ་པའི་མེ་ཏོག །
སྐལ༵་ལྡན་འཆི་མེད་གྲུབ་པའི་དབང་པོ་མཆོག །
བཟ༵ང་པོའི་འཕྲིན་ལས་ཐལ་ཀར་བཞོན་པའི་སྟེང་།།
རྒྱལ༵་བསྟན་སྲུང་བྱེད་རིགས་པའི་འཁོར་ལོ་འཛིན།།
མཚ༵ན་ལྡན་བཤེས་གཉེན་ལེཊ་བྲིས་བདག་པོར་བསྟོད།།
ལང་ཚོའི་འདབ་གཤོག་གངས་རིའི་སུལ་དུ་རྒྱས།།
ཐོས་པའི་ནམ་འཕང་འཕགས་པའི་ཡུལ་ལ་བཅད།།
རྣམ་དཔྱོད་གཤོག་རྩལ་རྫོགས་པའི་མཁའ་ལྡིང་དབང་།།
འཕགས་བོད་གཞུང་ལུགས་རྒྱ་མཚོའི་ཕ་མཐར་སོན།།
གདེངས་ཅན་འདྲེན་པ་བྱེ་བའི་ཉེར་འཚོའི་གཞིར།།
ཐོས་བསམ་དུས་ལས་ཡོལ་མེད་སིན་དྷུའི་བདག །
བཤེས་གཉེན་དེད་དཔོན་བསམ་དང་སྦྱོར་བས་བསྟེན།།
རྐུན་པོས་གཞོམ་མེད་ཐོས་པའི་ནོར་མཆོག་བླངས།།
དལ་བརྒྱད་འབྱོར་པ་འཛིན་མའི་ཕང་པ་རུ།།
གསན་བསམ་གང་གཱའི་ཆུ་རྒྱུན་སིམ་པ་ལས།།
མཁས་པའི་བགྱི་བ་གསུམ་གྱི་ལོ་འདབ་རྒྱས།།
གཡུར་དུ་ཟ་བ་འབྲས་བུའི་ཁུར་གྱིས་དུད།།
འཛམ་བུའི་སྒྲས་བསྟན་གོ་ལ་ཡངས་པའི་ཁྱོན།།
སྙན་པའི་གྲགས་པ་གནམ་གྱི་རྔ་ཆེན་ལྡིར།།
དགེ་ལྡན་ལུཊ་བཟང་ཆེས་མཐོའི་སློབ་གཉེར་ཁང་།།
བགྲང་བྱའི་རྒས་གཉེར་མཚམས་ཀྱི་དུས་རིང་ལ།།
ལུང་རིགས་རལ་ཁ་འགྲན་པའི་མདུན་ས་ན།།
མཐའ་བྲལ་དབུ་མའི་གནམ་རུ་ལས་དྲངས་པའི།།
གཏན་ཚིཊ་གནམ་ལྕཊ་འབར་བའི་ཐོག་མདའ་ཡིས།།
ཕྱི་རྒོལ་དམ་བཅའི་བྲག་རི་ཕྱེ་མར་བརླགས།།
ལྷ་རམས་སྦྱིན་སྐྱེས་དགྲ་ཡི་ཅོད་པཎ་དེ།།
སྤྱི་བོར་བཅིངས་པའི་གཏམ་སྙན་དབྱར་སྐྱེས་རྔ།།
ཆཊ་ལྡན་མདོངས་མཐའ་མྱོས་པའི་སྙིང་ལ་བཞིན། །
ཐོས་འཛིན་བུག་པར་དྲི་ཟའི་ན་ཆུང་གླུ།།
འཕཊ་བོད་མཁས་པའི་བཞེད་གཞུང་ས་མཆོད་མར།།
གུས་རྟག་སྦྱོར་བས་བསླབ་པ་མཐར་སོན་སྟེ།།
ལྷ་ལྡན་རབ་འབྱམས་སྨྲ་བའི་དུས་སྟོན་ལ།།
ཤིས་ཚིག་སྙིམ་པའི་མེ་ཏོག་དེང་འདིར་འཐོར།།
ཞེས་གཞུང་ལུགས་རྒྱ་མཚོའི་དགོངས་དོན་དངོས་སྟོབས་རིགས་པས་འབྱེད་པ་ལ་རྣམ་དཔྱོད་ཀྱི་ཁོ་ལག་མཆོག་ཏུ་ཡངས་པ་རིགས་སྨྲའི་དབང་ཕྱུག་དགེ་བཤེས་ལྷ་རམས་པ་སྐལ་བཟང་རྒྱལ་མཚན་ནམ (ནགས་ཤོད་སྐལ་རྒྱན།) ལགས་ནི་མདོ་ཁམས་ཤོད་ཆེན་བཅོ་བརྒྱད་དུ་གྲགས་པའི་ནང་ཚན་ནགས་ཤོད་འབྲི་རུ་རྗེའུ་ཆུང་གྲོང་དུ་ཕ་དགའ་བ་དང༌། མ་འཛུམ་མོ་གཉིས་ཀྱི་སྲས་སུ་འཁྲུངས་ཏེ་འཚར་ལོངས་ཀྱི་འཕེལ་ཁ་བརྟས། དགུང་ལོ་བཅུ་དྲུག་སྟེང་དགེ་བའི་བཤེས་གཉེན་ཆེན་པོ་སྐལ་བཟང་བསླབ་གསུམ་ཞལ་སྔ་ནས་གཙུག་ཕུད་བཞེས། བཅུ་བདུན་སྐབས་ཁྱུང་སྤྲུལ་རིན་པོ་ཆེ་རྗེ་བཙུན་སྐལ་བཟང་བསྟན་འཛིན་མཁས་གྲུབ་དབང་ཕྱུག་མཆོག་གི་དྲུང་དུ་རབ་ཏུ་བྱུང༌། ཆོས་མིང་སྐལ་བཟང་རྒྱལ་མཚན་ཞེས་བསྩལ། འབྲི་རུ་དགོན་སྦུས་མདའ་རྣམ་རྒྱལ་དཔལ་འབར་གླིང་དུ་སྒྲིག་ཞུགས་གནང་ནས་སློབ་དཔོན་དགེ་ལེགས་རྒྱལ་མཚན་དང༌། རྒན་བསྟན་འཛིན་འཕྲིན་ལས་གཉིས་ཀྱི་དྲུང་ནས་དགོན་དེའི་འདོན་རྟ་དབྱངས། ཐིག་བཅའ་བཟོ་སོགས་ཀྱི་སྦྱང་པ་མཐར་སོན་གནང་ནས་ཚོགས་དབུས་སུ་རྒྱུགས་འབུལ་མཛད། ༡༩༩༣ ཟླ་ ༩ ཚེས་ ༡༡ ཉིན་འཕགས་ཡུལ་དུ་ཕེབས་ཏེ་མཁས་གྲུབ་བྱེ་བའི་འབྱུང་གནས་གདན་ས་ཆེན་པོ་སེར་བྱེས་མཁས་སྙན་གྲྭ་ཚང་དུ་སྒྲིག་ཞུགས་མཛད། སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་མཆོག་དང༌། མཁན་ཟུར་རིན་པོ་ཆེ་བློ་བཟང་ཚེ་རིང་མཆོག །དགེ་བཤེས་བསྟན་འཛིན་ཡོན་ཏན་མཆོག་ལ་སོགས་པའི་དགེ་བའི་བཤེས་གཉེན་རྣམས་ཚུལ་བཞིན་བསྟེན་ནས་བགྲང་བྱ་ཉེར་བཞིའི་རིང་རིགས་ལམ་ནས་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་མཐར་སོན་གནང་སྟེ། ༢༠༠༤ ལོར་ཕར་ཕྱིན་རབ་འབྱམས་པའི་ཕྱག་ཁྱེར་དང༌། ༢༠༠༨ ལོར་དབུ་མ་རབ་འབྱམས་པའི་ཕྱག་ཁྱེར་བཞེས།
རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་འཇིག་རྟེན་མགོན་པོ་དང་། གནས་ལྔ་རིག་པའི་དབང་ཕྱུག་སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་ལ་སོགས་པའི་དྲུང་ནས་དབང་ལུང་མན་ངག་སོགས་ཟབ་ཆོས་མཐའ་ཡས་པར་གསན་བཞེས་མཛད། སློབ་གཉེར་ཀྱི་ཞོར་དུ་སློབ་མ་རྣམས་ལ་དཔེ་ཁྲིད་དང་། དེ་བཞིན་སུམ་རྟགས་སོགས་ཀྱི་འཆད་ཁྲིད་གནང་། གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་ཉིན་གསུམ་རིང་གྲྭ་ཚང་གཉིས་ཀྱི་མཁས་དབང་ཉི་ཤུ་ཙམ་འདུས་པའི་བརྡ་སྤྲོད་བགྲོ་གླེང་ཐོག་རྩོམ་ཤོག་སྒྲོག་སྦྱང་དང་དྲི་བ་དྲིས་ལན། ལྷོ་མཐའི་ཁ་བ་དང༌། ཅང་ཤེས་རྨིག་སྒྲ། ནགས་ལྷའི་སྒྲོན་མེ། སེར་ལྷོའི་རིག་མཛོད་གསེར་གྱི་ལྡེ་མིག །འབྲི་ཆུའི་རྦ་རླབས་སོགས་སུ་དཔྱད་རྩོམ་དང༌། འབོལ་རྩོམ། སྙན་རྩོམ། བསྟོད་ཚོགས་སོགས་རྩོམ་ཡིག་མང་དུ་སྤེལ། ༢༠༡༢ ལོར་དགེ་ལྡན་ལུགས་བཟང་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལུགས་རྒྱུགས་སྤྲོད་དུ་ཞུགས། ༢༠༡༣ ལོར་སེར་བྱེས་མཁས་སྙན་གྲྭ་ཚང་གི་འཛིན་གྲྭ་ཡོངས་ཀྱི་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་བ་ལྷ་རམས་འཛིན་གྲྭར་ཞུགས། ཞོར་དུ་ ༢༠༡༢ ནས་སྐབས་གཉིས་པའི་ནགས་ལྷ་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་དང་། ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ཀྱི་འཛིན་སྐྱོང་བའི་ལས་ཁུར་བཞེས་ཏེ། <<ནགས་ལྷའི་སྒྲོན་མེ།>> ཞེས་པའི་དུས་དེབ་ལོ་བཞིར་རྩོམ་སྒྲིག་དང༌། བོད་ཀྱི་བརྡ་སྤྲོད་རིག་པའི་བགྲོ་གླེང་ཐེངས་གསུམ་དང་། རིག་གཞུང་དང་འབྲེལ་བའི་སྙན་རྩོམ་འགྲན་བསྡུར་སོགས་གོ་སྒྲིག་ཞུས། ༢༠༡༥ ལོར<< བཀའ་དྲིན་རྗེས་སུ་དྲན་པའི་བསྟོད་དབྱངས་དད་པའི་མཆོད་སྤྲིན།>> སོགས་རྩོམ་སྒྲིག་གནང་། དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་ཞུགས་ནས་ཐུན་མིན་བོད་ཀྱི་སྐད་ཡིག་དང་། བརྡ་སྤྲོད་རིག་པའི་སྐོར། རྒྱལ་རབས་ཆོས་འབྱུང་། ལྷག་པར་དུ་གཞུང་ཆེན་བཀའ་པོད་ལྔའི་ཚིག་གི་འགྲོས། ལུང་གི་ཁུངས། རིགས་པའི་སྒྲུབ་བྱེད། རང་ལུགས་ཀྱི་ཟིན་མཚམས། དོན་གྱི་གོ་བ། གཞུང་གི་ཁོག་སོགས་ཚིག་དོན་རྒྱ་མཚོ་ལྟ་བུ་ལ་བསྲེགས་བཅད་བརྡར་གསུམ་གྱི་སྒོ་ནས་བཀའ་རམས་ལོ་རིམ་གཉིས་དང༌། སློབ་དཔོན་ལོ་རིམ་གཉིས། ལྷ་རམས་ལོ་རིམ་གཉིས་བཅས་དགེ་ལྡན་ལུགས་བཟང་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལུགས་རྒྱུགས་སྤྲོད་ཀྱི་གྲུབ་འབྲས་ལེགས་སོན་གནང་བ་དང་། ལྷག་པར་ལྷ་རམས་ལོ་རིམ་གཉིས་པར་རྒྱལ་སྤྱིའི་སློབ་ཆེན་སྤྱིའི་ལམ་སྲོལ་དང་མཐུན་པར་དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་རྩ་བ་ཤེས་རབ་ཀྱི་རབ་བྱེད་བཅོ་བརྒྱད་དང་། ཉེར་བཞི། ཉེར་དྲུག །བཅས་བརྗོད་བྱ་གཙོ་བོར་བཟུང་ནས་ཟབ་མོ་དབུ་མའི་གཞུང་ལ་ཉམས་ཞིབ་ཀྱིས་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་རྩོམ་རྒྱུགས་ལམ་ནས་ཡོངས་སུ་ལེགས་གྲུབ་གནང་སྟེ་ལྷ་རམས་པ་ངག་གི་དབང་ཕྱུག་ཅེས་པའི་མཚན་གནས་བདག་གིར་བཞེས། ༢༠༡༧ ཟླ་ ༡༡ པའི་ ༢༧ ཉིན་ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་དང་། མཁས་མང་གསེར་རིའི་ཕྲེང་བའི་དབུས་སུ་གཞུང་ཆེན་ཁག་ལ་ལྷ་རམས་དགེ་བཤེས་ཀྱི་གྲྭ་སྐོར་དམ་འཇོག་གིས་མཚོན་དགེ་བཤེས་ཀྱི་བྱེད་སྒོ་ཡོངས་སུ་ལེགས་གྲུབ་གནང་།
མདོར་ན་ལོ་ངོ་ཉེར་བཞིའི་ཡར་སྔོན་ཆེས་ཐོག་མའི་གོམ་སྣེ་གདན་ས་ཆེན་པོ་འདིའི་ནང་བཞག་ནས་ཉིན་མཚན་འཁོར་འགྲོས་ཀྱིས་བཞུད་པའི་དུས་རིམ་ནང། གནམ་གཤིས་དང་འཁོར་ཡུག །འཚོ་བའི་ཆ་རྐྱེན་སོགས་ཕུན་སུམ་ཚོགས་པ་ཞིག་མེད་པར་མ་ཟད། སྦྱང་བྱའི་བསླབ་གཞི་ཡང་འཕགས་བོད་ཀྱི་གཞུང་ལུགས་རྒྱ་མཚོ་ལྟར་གཏིང་ཟབ་ལ། རི་རབ་ལྟར་དཔངས་མཐོ་ཞིང་། རྡོ་རྗེ་ལྟར་སྲ་ཞིང་མཁྲེགས་པའི་མདུན་ལྗོངས་ཀྱི་དཀའ་ངལ་ཅི་ཙམ་འཕྲད་ཀྱང་སྒྱིད་ལུག་ལེ་ལོའི་འདུན་པ་རྒྱབ་ཏུ་བསྐྱུར་ཏེ། གདོང་ལེན་གྱིས་བརྩོན་པ་བརྟན་པོར་ཐུགས་ལ་བཅངས་ཏེ་འབད་འབུངས་ཀྱི་འབྲས་རྟགས་བཟང་པོར་ད་ལྟའི་ཉིན་མོར་དགེ་བཤེས་ལྷ་རམས་པའི་མཚན་གྱི་ཅོད་པཎ་སྤྱི་བོར་བཅིངས་པ་ནི་ཆེས་གཟེངས་སུ་ཐོན་པའི་གཟི་བརྗིད་ཀྱི་བྱ་གཞག་ཅིག་བསྐྲུན་ཡོད་པ་སྨོས་ཅི་དགོས། འབྲས་བཟང་མངོན་དུ་གྱུར་པའི་རྟེན་བྱུང་དུས་སྟོན་གྱི་གོ་སྐབས་འདི་བརྒྱུད་ནས་འཚམས་འདྲིའི་མངོན་བསྟོད་དང་བཅས་མཚམས་སྦྱོར་འདི་བཞིན། ཆོས་གྲོགས་འབྲི་རུ་སྐལ་བཟང་རྒྱལ་མཚན་དུ་འབོད་པས། རབ་བྱུང་བཅུ་བདུན་པའི་མེ་བྱ། སྨིན་དྲུག་ཟླ་བའི་དཀར་ཕྱོགས་རྫོགས་པ་གཉིས་པ་ལ་སྤེལ།
རྩོམ་ཡིག་འདི་ཐེངས་ 8117 བཀླགས་འདུག
མཐའ་མའི་བསྐྱར་བཅོས། Tue 05 Dec 2017
སྡེ་ཚན
སྙན་རྩོམ།
ནང་གསེས་དབྱེ་འབྱེད།
གསར་ཤོས་དག : འབྲི་ཚང་།
འབྲེལ་ཡོད་དག
སྡེ་ཚན་འདིའི་ནང་ད་དུང་རྩོམ་ཡིག་མང་
« སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེའི་ཞབས་བརྟན།
འཚམས་འདྲིའི་སློང་ཡང་། »
དཔྱད་མཆན་འགོད་ས།
རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་འབྲི་རུ་སྐལ་བཟང་རྒྱལ་མཚན་གྱི་ཡིག་ཚགས་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ན་ཡང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་བདག་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།
གཤམ་གྱི་སྐར་རྟགས་ཡོད་པའི་བར་སྟོང་རྣམས་ངེས་པར་འགེང་དགོས།
སྙན་རྩོམ།
འཚམས་འདྲིའི་སློང་ཡང་།
རྩོམ་པ་པོ། འབྲི་ཁེར་རྐྱང་། འཚམས་འདྲིའི་སློང་ཡང་། ... རྒྱས་པར་གཟིགས་་་
Data: 01-12-2017 | ཀློག་གྲངས། 7593
དགེ་བཤེས་ལྷ་རམས་པ་ནགས་ཤོད་སྐལ་རྒྱན།
རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན། མངོན་བསྟོད་སྙིམ་པའི་མེ་ཏོག ། ... རྒྱས་པར་གཟིགས་་་
Data: 28-11-2017 | ཀློག་གྲངས། 8117
སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེའི་ཞབས་བརྟན།
རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན། ཞབས་བརྟན་གསོལ་འདེབས་འཆི་མེད་བདུད་རྩིའི་བུམ…
དབྱངས་ཅན་མར་བསྟོད་པ།
རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན། མཚོ་བྱུང་དགོད་པའི་སྙན་དབྱངས། ཕ་རོལ་མི་མངོ…
མཆན་གསར་ཤོས།
- ད་ལྟའི་ཆར་འཛམ་གླིང་འདིའི་ཐོག་ཅ་དངོས་གསར་པ་རི་ལུག་པར་ཐ་སྙད་གསར་པའི་ཐག་པས་སྡོམ་ཐབས་མེད་པའི་དུས་འདིར། ང་ཚོར་གངས་རིས་བསྐོར་བའི་དག་ཞིང་དུ་དག་སྣང་སྒོམ་ནས་ཨུ་ཚུགས་ཀྱིས་ཟུར་སྡོད་བྱེད་ས་མེད་པར་བརྟེན།… རྩོམ་པ་པོ། : karma on Thu 12 Oct 2017 ཐ་སྙད་གསར་པ་ནི་བོད་མི་རིགས་ནག་ཁུང་ནས་ནག་ཁུང་དུ་འཁྲིད་བྱེད་ཀྱི་སྣ་ཐག་ཅིག་རེད། (དཔྱད་རྩོམ།)
མཆན་མང་ཤོད།
-
ཐ་སྙད་གསར་པ་ནི་བོད་མི་རིགས་ནག་ཁུང་ནས་ནག་ཁུང་དུ་འཁྲིད་བྱེད་ཀྱི་སྣ་ཐག་ཅིག་རེད།
རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན། …Written on Wed 11 Oct 2017 དཔྱད་རྩོམ། 1 དཔྱད་མཆན། རྩོམ་ཡིག་འདི་ཐེངས་ 7887 བཀླགས་འདུག