Thu 05 Oct 2017
མངོན་བསྟོད་ལྷ་ཡི་རྔ་གསང་།
རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན།
ང༵ག་གི་འདབ་མ་བསྐྱོད་པའི་དྲི་གཞོན་གྱིས།།
དབ༵ང་བསྒྱུར་གསུང་རབ་མཁའ་ཡི་ཆུ་འཛིན་ཀློང་།།
ཐོག༵ས་མེ༵ད་རིགས་འཕྲུལ་གློག་གི་རོལ་རྩེད་རྒྱས།།
ལེགས་བཤད་སྤྲིན་བཅུད་འབེབ་པའི་ཀླུ་དབང་རྒྱལ།།
ཚང་ཚིང་གཡུ་ལོ་འཐིབས་པ་ན༵གས་ཀྱི་ཤོ༵ད།།
ལང་ཚོའི་མྱུ་གུ་འབྲི༵་ལྗོངས་འཛིན་མ་རུ༵།།
འབུས་ཀྱང་ཐོས་པའི་ཁོ་ལག་ལྷོ་མཐར་རྒྱས།།
སྙན་གྲགས་དྲི་བསུང་འཐུལ་བའི་ལྗོན་པ་ཡིན།།
སྲིད་པའི་ཕུན་ཚོགས་སྒྱུ་མ་སྨིག་རྒྱུ་བཞིན།།
གཟིགས་ནས་ངེས་པར་འབྱུང་བའི་ཚུལ་ཁྲིམས་ནི།།
ཡོངས་སུ་བླངས་ཏེ་བསླབ་ཁྲིམས་མིག་འབྲས་བཞིན།།
ཚུལ་བཞིན་བསྲུངས་པའི་ཤཱཀྱའི་དགེ་སྦྱོང་ཡིན།།
མཁས་གྲུབ་བྱེ་བའི་འབྱུང་གནས་གདན་ས་ཆེ།།
ཟླ་མེད་བཤེས་གཉེན་དུ་མའི་ཞབས་གཏུགས་ཏེ།།
རབ་འབྱམས་གཞུང་ལ་ལྟོ་སྐྱ་གོས་ཧྲུལ་གྱིས།།
དཀའ་བ་བརྒྱ་ཕྲག་སྤྱད་པའི་གྲྭ་རྐྱང་ཡིན།།
མ་བལྟས་མིག་ལ་ཤར་བའི་མངོན་ཤེས་དང་།།
ཐོས་ཚད་མི་བརྗེད་འཛིན་པའི་གཟུངས་མེད་ཀྱང་།།
བརྩོན་པའི་ཐེམ་སྐས་ཐེག་པ་རིམ་བགྲོད་ཀྱིས།།
མཁས་པའི་གོ་སར་བསྙེགས་པའི་མཁས་མཆོག་ཡིན།།
མེ་དཔུང་མཚོ་རུ་བསྒྱུར་བའི་ཆོ་འཕྲུལ་དང་།།
བསད་པ་གསོ་བར་ནུས་པའི་མཐུ་མེད་ཀྱང་།།
དཀའ་གནད་ཚང་ཚིང་འཁྲིགས་པ་ནགས་ཀྱི་ཚལ།།
སྐད་གཅིག་ཉིད་ལ་སྲེག་པའི་མེ་ཆེན་ཡིན།།
གཞུང་དོན་མ་རྟོགས་ཤེས་རློམ་འུད་སྒྲོག་གིས།།
ཧམ་པས་རི་བོ་འདེགས་པའི་མཐུ་མེད་ཀྱང་།།
རྒྱ་བོད་མཁས་པའི་གཞུང་ལུགས་རབ་འབྱམས་ལ།།
ངེས་ཤེས་རྙེད་པའི་ངེས་དོན་བཤེས་གཉེན་ཡིན།།
གདན་སའི་མཁས་མང་ཚོགས་ཀྱི་འདུན་ས་རུ།།
གཞུང་དོན་ལུང་རིགས་དགག་སྒྲུབ་སྤེལ་བ་ལ།།
མི་འཇིགས་སྤོབས་པ་རྒྱས་པའི་རྣམ་དཔྱོད་ཅན།།
དཔལ་ལྡན་ཆོས་ཀྱི་གྲགས་པའི་དཔེ་ཟླ་ཡིན།།
རྒྱ་བོད་མཁས་པའི་བཞེད་གཞུང་མཐའ་དག་གི།
དཀའ་གནད་འདོད་རྒུར་སྤྱད་པས་བློ་གསལ་ཚོགས།།
བློ་གྲོས་སྤོབས་པའི་སྣང་བ་མཆོག་བསྩོལ་བའི།།
ངེས་དོན་བཤེས་གཉེན་ཉིན་བྱེད་དབང་པོ་ཡིན།།
གསང་ཆེན་རྒྱུད་སྡེ་ཁ་འབབ་རྣམ་བཞི་ལས།།
འོངས་པའི་སྨིན་བྱེད་དབང་དང་གྲོལ་བྱེད་ཁྲིད།།
མཚན་ལྡན་དམ་པའི་མན་ངག་གང་གཱའི་ཆུས།།
ཡོངས་སུ་གང་བའི་རིན་ཆེན་བུམ་བཟང་ཡིན།།
འཆ༵ད་ལ་གཞུང་ལུགས་སྨྲ་བའི་མཆེ་སྡེར་རྒྱས།།
རྩོ༵ད་ངག་ཐལ་ཕྲེང་གད་རྒྱངས་ཕྱོགས་ཀུན་སྒྲོག །
རྩོ༵མ་པ་ལེགས་བཤད་སྤུ་རིས་རྣམ་པར་བཀྲ།།
གསུང་རབས་ནགས་ཀླུང་འཛིན་པའི་རྒྱ་སྟག༵་ཡིན།།
ཐོས༵་པས་གཏི་མུག་གཉིས་འཐུང་ཀླད་པ་འགེམས།།
བས༵མ་པས་གཉིས་འཛིན་འཕྲོག་བྱེད་ཟིལ་གྱིས་གནོན།།
སྒོམ༵་པས་ཉམས་རྟོགས་གཡུ་ཡི་རལ་པ་གསིག །
ཐུབ་བསྟན་གངས་རི་འཛིན་པའི་སེ༵ང་གེ་ཡིན།།
མཁ༵ས་པའི་ནམ་འཕང་གསུང་རབས་མཁའ་ལ་བཅད།།
བཙུན༵་པའི་གཤོག་ཡངས་སྒོ་གསུམ་བག་ཡོད་སྤྱོད།།
བཟ༵ང་པོའི་ཕྲིན་ལས་གདུལ་བྱའི་ཚོགས་རྣམས་སྐྱོང་།།
རྨོངས་པ་ཀླུ་གཉན་ཟ་བའི་ཁྱུང༵་ཆེན་ཡིན།།
མཁྱེ༵ན་པས་ཟབ་ཡངས་རྒྱ་མཚོའི་འཇིངས་ལས་བརྒལ།།
བརྩེ༵་བས་གདམས་ངག་བདུད་རྩིའི་གྲུ་ཆར་འཇོ།།
ནུས༵་པས་ལུང་རིགས་རྡོ་རྗེའི་མེ་ཆར་འབེབས།།
ལེགས་བཤད་སྤྲིན་སྒྲ་ལྡིར་བའི་གཡུ་འབྲུག༵་ཡིན།།
འདུལ་མངོན་གཞུང་ལ་མཁྱེན་པའི་ན་ཚོད་སྨིན།།
ཡུམ་དོན་ལུས་ལ་དབུ་ཚད་གོ་ཆ་བགོས།།
ཐུན་མོང་རིག་གནས་རླུང་གི་ཤིང་རྟར་བཅིབས།།
དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་རུ་འདྲེན་ཡིན།།
འཐབ་མོའི་འདུན་སར་ཕྱོགས་སྔའི་དམ་བཅའི་བྲག།
རྒྱབ་རྟེན་ལུང་གི་གནམ་རུ་ལས་དྲངས་པའི།།
རིགས་པ་འབིགས་བྱེད་རྣོན་པོས་ཐལ་བའི་རྡུལ།།
ཕྱེ་མར་བརླག་པའི་དཔུང་གི་ཁྱུ་མཆོག་ཡིན།།
འཕགས་བོད་གཞུང་མང་ཐོས་པའི་ལུས་རྩལ་རྫོགས།།
བློ་གསལ་ཡན་ལག་བཞི་པའི་དཔུང་ཚོགས་ཀྱིས།།
ལུང་རིགས་མཚོན་ཁ་འགྲན་པའི་གཡུལ་ས་ནས།།
འཇིགས་མེད་གད་རྒྱངས་སྒྲོག་པའི་དཔའ་བོ་ཡིན།།
འཛམ་གླིང་ས་ཆེན་ཡངས་པའི་གོ་ལའི་ཁྱོན།།
མཁས་མང་བརྒྱ་ཕྲག་འདུས་སྡེའི་མཚན་སྙན་གྱི།།
རྒྱལ་མཚན་རྩ་གསུམ་ལྷ་ཡི་ཁང་བཟང་རྩེར། །
རྣམ་དཔྱོད་དཔུང་པས་བསྒྲེངས་པ་སྤོབས་པ་ཡིན།།
ཡོད་ལ་མེད་པར་བཅོས་པའི་སྐུར་འདེབས་དང་།།
མེད་ལ་ཡོད་པར་བཟོས་པའི་སྒྲོ་འདོགས་ཀྱིས།།
ཆུང་ཆུང་ཆེན་པོར་བཤད་པའི་འུད་སྒྲོག་མིན།།
རང་བཞིན་དྲང་པོར་བརྗོད་པའི་མངོན་བསྟོད་ཡིན།།
དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་གྲུབ་འབྲས་ལེགས་སོན་གྱི་མངོན་བསྟོད་ལྷ་ཡི་རྔ་གསང་ཞེས་པ་འདི་བཞིན་མཁས་རློམས་དྲེགས་པས་མྱོས་པའི་གཉིས་འཐུང་སྟོང་གི་སྤྱི་བོར་ལུང་རིགས་སྡེར་མོའི་གཙུག་རྒྱན་འགོད་མཁས་སེར་ལྷོ་ལྷ་རམས་པ་འབྲི་རུ་ངག་དབང་ཐོགས་མེད་མཆོག་གིས་ཕྱི་ལོ་ ༢༠༡༣ དང་༢༠༡༤ ལོའི་དགེ་ལྡན་ལུགས་བཟང་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་རྒྱུགས་འབྲས་མཐར་སོན་གྱིས་ལྷ་རམས་ཨང་དང་པོ་དང་གཉིས་པའི་མཚན་གྱི་ཅོད་པཎ་སྤྱི་བོར་བཅིངས་པའི་གཏམ་སྙན་བདུད་རྩིའི་ཐིགས་པ་སྒྲ་འཛིན་རྣ་བའི་བུག་པར་ལྷུང་བས་ཡིད་སྤྲོའི་སྣང་བ་ཆེས་ཆེར་རྒྱས་ཏེ། སེམས་ཁམས་ནས་བཞུར་བའི་རང་བཞིན་དྲང་པོ་བརྗོད་པའི་མངོན་བསྟོད་འདི་བཞིན་ཕྱི་ལོ་༢༠༡༤ ཟླ་ ༡༠ ཚེས་ ༡༧ ཉིན་བྲིས་པའོ། །
རྩོམ་ཡིག་འདི་ཐེངས་ 1579 བཀླགས་འདུག
མཐའ་མའི་བསྐྱར་བཅོས། Sun 08 Oct 2017
སྡེ་ཚན
སྙན་རྩོམ།
ནང་གསེས་དབྱེ་འབྱེད།
གསར་ཤོས་དག : འབྲི་ཚང་།
འབྲེལ་ཡོད་དག
སྡེ་ཚན་འདིའི་ནང་ད་དུང་རྩོམ་ཡིག་མང་
དབྱངས་ཅན་མར་བསྟོད་པ། »
དཔྱད་མཆན་འགོད་ས།
རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་འབྲི་རུ་སྐལ་བཟང་རྒྱལ་མཚན་གྱི་ཡིག་ཚགས་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ན་ཡང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་བདག་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།
གཤམ་གྱི་སྐར་རྟགས་ཡོད་པའི་བར་སྟོང་རྣམས་ངེས་པར་འགེང་དགོས།
སྙན་རྩོམ།
འཚམས་འདྲིའི་སློང་ཡང་།
རྩོམ་པ་པོ། འབྲི་ཁེར་རྐྱང་། འཚམས་འདྲིའི་སློང་ཡང་། ... རྒྱས་པར་གཟིགས་་་
Data: 01-12-2017 | ཀློག་གྲངས། 7592
དགེ་བཤེས་ལྷ་རམས་པ་ནགས་ཤོད་སྐལ་རྒྱན།
རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན། མངོན་བསྟོད་སྙིམ་པའི་མེ་ཏོག ། ... རྒྱས་པར་གཟིགས་་་
Data: 28-11-2017 | ཀློག་གྲངས། 8116
སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེའི་ཞབས་བརྟན།
རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན། ཞབས་བརྟན་གསོལ་འདེབས་འཆི་མེད་བདུད་རྩིའི་བུམ…
དབྱངས་ཅན་མར་བསྟོད་པ།
རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན། མཚོ་བྱུང་དགོད་པའི་སྙན་དབྱངས། ཕ་རོལ་མི་མངོ…
མཆན་གསར་ཤོས།
- ད་ལྟའི་ཆར་འཛམ་གླིང་འདིའི་ཐོག་ཅ་དངོས་གསར་པ་རི་ལུག་པར་ཐ་སྙད་གསར་པའི་ཐག་པས་སྡོམ་ཐབས་མེད་པའི་དུས་འདིར། ང་ཚོར་གངས་རིས་བསྐོར་བའི་དག་ཞིང་དུ་དག་སྣང་སྒོམ་ནས་ཨུ་ཚུགས་ཀྱིས་ཟུར་སྡོད་བྱེད་ས་མེད་པར་བརྟེན།… རྩོམ་པ་པོ། : karma on Thu 12 Oct 2017 ཐ་སྙད་གསར་པ་ནི་བོད་མི་རིགས་ནག་ཁུང་ནས་ནག་ཁུང་དུ་འཁྲིད་བྱེད་ཀྱི་སྣ་ཐག་ཅིག་རེད། (དཔྱད་རྩོམ།)
མཆན་མང་ཤོད།
-
ཐ་སྙད་གསར་པ་ནི་བོད་མི་རིགས་ནག་ཁུང་ནས་ནག་ཁུང་དུ་འཁྲིད་བྱེད་ཀྱི་སྣ་ཐག་ཅིག་རེད།
རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན། …Written on Wed 11 Oct 2017 དཔྱད་རྩོམ། 1 དཔྱད་མཆན། རྩོམ་ཡིག་འདི་ཐེངས་ 7886 བཀླགས་འདུག